ཀྲུང་གོ་བོད་ཀྱི་དྲ་བ།

ལས་བཟོ་པ་ཆེས་དཀོན་པའི་ལས་རིགས100།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཉེ་ལམ། ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་བསྒྲགས་པའི་གསར་འགྱུར་ནང་རྒྱལ་ཡོངས་ཀྱི་ལས་བཟོ་པ་ཆེས་དཀོན་པའི་ལས་རིགས100ངོ་སྤྲོད་བྱས་ཡོད། ཚོང་གཉེར་མཁན་དང་།གཙང་སྦྲ་བྱེད་མཁན།བདེ་སྲུང་པ། ཚོང་རྫས་གཉེར་སྐྱོང་པ། ཟ་ཁང་གི་ཞབས་ཞུ་པ། ཁྱིམ་ལས་ཞབས་ཞུ་པ། མགྲོན་པོའི་ཞབས་ཞུ་པ། རླངས་འཁོར་ལས་བཟོ་པ། ས་ཁང་བདག་ཁོངས་ཀྱི་བར་ཁེ་པ་བཅས་ནི“ལས་བཟོ་པ་ཆེས་དཀོན་པའི”ལས་རིགས་ཀྱི་མདུན་གྲལ་ཨང10པར་གནས་ཡོད། ལས་རིགས100ཡི་གནས་ཚུལ་ལ་བལྟས་ཚེ།ཐེངས་འདིའི་ལས་མི་དཀོན་པའི་གྲངས་འབོར་དང་རེ་ཞུ་བྱེད་མཁན་དེ་ཨང་རིམ་བསྒྲིགས་པའི་ཚུན་གྱི་མིག་སྔའི་ཆེས་མཐོ་ཤོས་སུ་སླེབས་ཡོད།

ཐེངས་འདིའི་ཨང་རིམ་ལ་བལྟས་ན། མྱུར་སྐྱེལ་པ་དང་ཁྲོམ་རའི་ཚོང་གཉེར་པ།ཐུམ་རྒྱག་མཁན།རྩིས་འཁོར་གྱི་མཉེན་ཆས་ལག་རྩལ་མི་སྣ། དངུལ་སྡུད་མི་སྣ། འཕྲུལ་ཆས་དང་སྒྲིག་ཆས་སྒྲིག་སྦྱོར་བྱེད་མཁན། འཕྲུལ་ཆས་བཟོ་སྐྲུན་མི་སྣ། གློག་ལས་པ། འགན་བཅོལ་ལས་ཚབ་མི་སྣ་སོགས་ཀྱང་མདུན་གྲལ་དུ་སླེབས་ཡོད་པ་རེད།

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་གསར་འགྱུར་མགྲིན་ཚབ་པས་དབྱེ་ཞིབ་བྱས་པ་ལྟར་ན། བཟོ་སྐྲུན་ལས་རིགས་ཀྱི་ཤེས་ལྡན་མི་སྣའི་དགོས་མཁོ་མུ་མཐུད་དུ་ཆེ་རུ་འགྲོ་བའི་རྣམ་པ་མངོན་ཡོད། གསར་དུ་ཨང་རིམ་བསྒྲིགས་པའི་ལས་རིགས25ཡི་ཁྲོད། ལས་རིགས15ཐད་ཀར་བཟོ་སྐྲུན་ལས་རིགས་དང་འབྲེལ་བ་ཡོད་ཅིང་། དེའི་ནང་དུ་བཙོ་སྦྱང་བཟོ་སྐྲུན་ལག་རྩལ་མི་སྣ་དང་། རླངས་འཁོར་བཟོ་སྐྲུན་ལག་རྩལ་མི་སྣ་སོགས་ཚུད་ཡོད། ལས་བཟོ་པ་ཆེས་དཀོན་པའི་ལས་རིགས34ཡི་ཁྲོད། ལས་རིགས16ནི་བཟོ་སྐྲུན་ལས་རིགས་དང་ཐད་ཀར་འབྲེལ་བ་ཡོད་པ་སྟེ། དཔེར་ན། ངར་ལྕགས་ལས་བཟོ་པ་དང་། འཕྲུལ་ཆས་ཞིག་གསོ་པ། འཁེལ་འཐག་ཚོས་རྒྱག་མཁན་སོགས་རེད།

རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་གྱི་ཆ་རྐྱེན་འོག སྤྱི་ཚོགས་དོ་དམ་དང་སྤྱི་ཚོགས་ཞབས་ཞུའི་ཤེས་ལྡན་མི་སྣའི་དགོས་མཁོ་ཡང་ཆེ་རུ་འགྲོ་བཞིན་ཡོད། དོ་དམ་པ་དང་བདེ་སྲུང་པ། སྡེ་ཁུལ་གྱི་ལས་གཉེར་པ། བྱིས་སྙོར་མཁན། རྒན་གསོ་བདག་སྐྱོང་པ། སློབ་འབྲིང་གི་དགེ་རྒན་སོགས་ལས་རིགས་ཀྱི་དགོས་མཁོ་ཇེ་མཐོར་འགྲོ་བཞིན་ཡོད། སྐྱེས་མ་ཐག་པའི་ཕྲུ་གུའི་འཕེལ་རྒྱས་ཁྲིད་སྟོན་མི་སྣ་དང་།དྭ་ཕྲུག་དང་དབང་བོ་སྐྱོན་ཅན་གྱི་བྱིས་པའི་ནད་གཡོག་མཁན་ཡང་ཐོག་དང་པོར་དེའི་ནང་དུ་ཚུད་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།