ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣ་དང་ལྷན་དུ་ལུགས་རྙིང་ལོ་སར་བསུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ2པའི་ཚེས1ཉིན། ཞི་ཅིན་ཕིང་དང་ཝང་དབྱང་། ཧན་ཀྲིན་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཏང་ཕྱིའི་མི་སྣ་དང་ལྷན་དུ་ལུགས་རྙིང་ལོ་སར་བསུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུས་དུས་ཆེན་ཏེ་ལྕགས་མོ་གླང་ལོའི་ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་གཅིག་ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་འཐུས་མི་དང་ལྷན་དུ་ལུགས་རྙིང་ལོ་སར་དགའ་བས་བསུས། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་དེ། དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། འཐབ་ཕྱོགས་གཅིག་གྱུར་ལས་གནས་སྟེང་གི་རྒྱ་ཆེའི་ཁོངས་མི་བཅས་ལ་ལྷག་བསམ་ཟོལ་མེད་སྒོས་འཚམས་འདྲི་དང་ལུགས་རྙིང་ལོ་སར་གྱི་སྨོན་འདུན་ཞུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཚོགས་འདུར་ཞུགས།

ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཨི་ཞང་དང་ཀྲུང་གོ་དམངས་གཙོ་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་ཏིན་ཀྲུང་ལིས། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མེན་ཅུན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏཱ་ཧྥིན། ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲིན་ཀྲུའུ། ཀྲི་གུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཀང་། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ། ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧོས། རྒྱལ་ཡོངས་བཟོ་ཚང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ཁྲིན་ཕིང་ཡོན་དང་ཡེ་ཞའོ་ཀང་སོགས་གདན་དྲངས་པ་ལྟར་ཚོགས་འདུར་ཞུགས། མགོ་ཁྲིད་ལས་གནས་སྟེང་བུད་ཟིན་པའི་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་སྔོན་ཆད་ཀྱི་ཀྲུའུ་ཞི་དང་། ཀྲུའུ་ཞི་གཞོན་པ་དང་པོ། རྒྱུན་ལས་ཀྲུའུ་ཞི་གཞོན་པ་བཅས་ཀྱང་གདན་དྲངས་པ་ལྟར་ཚོགས་འདུར་ཞུགས།

ཝན་ཨི་ཞང་གིས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་ཚབ་བྱས་ཏེ་ཤིས་ཚིག་ཕུལ། ཁོས་ཉིས་སྟོང་ཉི་ཤུ་ལོ་ནི་ཀྲུང་གོ་གསར་པའི་ལོ་རྒྱུས་སྟེང་གི་ཆེས་སྤྱིར་བཏང་མིན་པའི་ལོ་ཞིག་དང་ལམ་ཚད་རྡོ་རིང་གི་དོན་སྙིང་ཡོད་པའི་ལོ་ཞིག་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་ཁག་སོ་སོའི་ལས་དོན་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། མི་དམངས་ཀྱི་འདོད་བློ་ཚིམ་པ་དང་འཛམ་གླིང་ཡོངས་ཀྱིས་མིག་ལྟོས་བྱེད་པ། ལོ་རྒྱུས་དེབ་ཐེར་དུ་འགོད་རུང་བའི་རླབས་ཆེན་གྲུབ་འབྲས་བླངས་ཡོད། ལོ་གསར་པའི་ནང་། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་ལེན་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་བསྟན། 

ཞི་ཅིན་ཕིང་གིས་ཝན་ཨི་ཞང་གི་ཤིས་ཚིག་ལ་ཉན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཉིས་སྟོང་ཉི་ཤུ་ལོ་ནི་ཀྲུང་གོའི་ལོ་རྒྱུས་སྟེང་གི་ཆེས་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན། སྣེ་མང་རྙོག་འཛིང་གི་གནས་སྟངས་དང་འོས་འགན། སྔར་བྱུང་མ་མྱོང་བའི་ཉེན་ཁ་ཅི་རིགས་ཀྱི་འགྲན་སློང་ལ་ཁ་གཏད་འཇལ་བར། ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཡོངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་དང་དཀའ་ངལ་ཁྱད་དུ་བསད་དེ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱས། དེ་མིན་ད་དུང་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་དུ་སྤེལ་བ་དང་ཕྱི་ཕྱོགས་གནོན་ཤུགས་ལ་ཁ་གཏད་འཇལ་བར་གཅིག་གྱུར་འཆར་འགོད་བྱས་པ་དང་། བརྟན་འཇགས་དྲུག་དམ་པོར་འཛིན་པ་དང་འགན་སྲུང་དྲུག་དངོས་འབེབས་བྱེད་པའི་འོས་འགན་ལ་གཅིག་གྱུར་འཆར་འགོད་བྱས་ནས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་རྒྱལ་ཁ་རྟིང་ཐག་གཅོད་པ་དང་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་རྟིང་ཐག་བཅད། དཀའ་སྤྱད་འབད་འབུངས་བརྒྱུད་མཐར་གཞི་ནས་རིམས་ནད་འགོག་སྡོམ་ལ་འཐབ་ཇུས་རང་བཞིན་གྱི་ཕན་འབྲས་ཐོབ་པ་དང་། དཔལ་འབྱོར་འཕར་སྣོན་སྔོན་ལ་མངོན་འགྱུར་བྱུང་བར་མ་ཟད། དབུལ་ཐར་མཁྲེགས་གཏོར་གྱི་འོས་འགན་དུས་བཅད་ལྟར་ཡོངས་འགྲུབ་བྱས་ཏེ། ལོ་ལྔའི་འཆར་འགོད་བཅུ་གསུམ་པ་བདེ་ལེགས་ངང་མཇུག་བསྡུས་པ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པར་ཁྱོན་ཡོངས་ནས་འབད་འཐབ་བྱེད་འགོ་བརྩམས་མཐར། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལས་དོན་ལ་རླབས་ཆེ་ཞིང་ལོ་རྒྱུས་རང་བཞིན་གྱི་ཕན་འབྲས་ཐོབ་ཡོད་ཅིང་། གྲུབ་འབྲས་འདི་དག་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་འགོ་ཁྲིད་ལས་བྱུང་བ་དང་། ཡང་ན་དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་གང་ལའང་མི་གཏོགས་པའི་མི་སྣ་བཅས་འདུས་པའི་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཡོངས་ཀྱི་སེམས་རྩ་གཅིག་སྒྲིལ་དང་འབད་འབུངས་ཧུར་སྐྱེད་ལས་བྱུང་བ་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། འདས་པའི་ལོ་གཅིག་གི་རིང་ལ། དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་བཀའ་རྒྱ་དང་ལེན་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གཙོ་བོའི་ཐད་སྟོབས་ཤུགས་གཅིག་བསྡུས་དང་རང་འགན་གཙང་སྒྲུབ་བྱས་ཏེ། གནས་སྟངས་གསར་པ་དང་འོས་འགན་གསར་པའི་བླང་བྱ་དང་མཐུན་པའི་སྒོ་ནས་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་མཐར་གྲུབ་འབྲས་གསར་པ་བླངས། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་བྱས་ཏེ་ཚང་མར་ ལྷག་བསམ་ཟོལ་མེད་སྒོས་བཀའ་དྲིན་ཆེ་ཞུས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཉིས་སྟོང་ཉེ་གཅིག་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་འགོ་རྩོམ་པའི་ལོ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་པའི་ལོ་ཡིན་པས། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་དགོས། རེ་བ་ཡིན་ན་ཚང་མས་ཁྱོན་ཡོངས་ནས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱེད་རྒྱུ་དང་། ཁྱོན་ཡོངས་ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་ཆར་བ་ཆུ་གྲོགས་བྱས་པའི་འོད་སྟོང་འབར་བའི་བཞུད་ལམ་ལ་སྤྱི་སྡོམ་དང་འགྲེམ་སྟོན་བྱས་ནས། རྒྱ་ཆེ་བའི་ཁོངས་མི་རྣམས་ཀྱིས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་དང་རྒྱུན་འཛིན་བྱེད་རྒྱུ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཕུགས་བསམ་དད་མོས་ཇེ་བརྟན་དུ་གཏོང་དགོས་ལ། ཀྲུང་གོ་གུང་ཁྲན་ཏང་གིས་སྣེ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པར་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དངོས་འབེབས་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་བསྐྲུན་པ་བཅས་དཀྱིལ་སྙིང་དུ་བཟུང་ནས། ཧུར་བརྩོན་ཆེན་པོས་བློ་འདོན་སྲིད་ཞུགས་དང་ཐུན་མོང་གི་ལྟ་བ་རྒྱ་ཁྱབ་ཁང་བསྡུ་ལེན་བྱས་ཏེ། སྔར་མེད་པའི་འབད་འཐབ་ཀྱི་རྣམ་འགྱུར་དང་དཀའ་ངལ་ཁྱད་གསོད་ཀྱི་སྙིང་སྟོབས་ཆེན་པོའི་ཁུར་འཁྱེར་ནས། དུས་རབས་གསར་པའི་ཏང་མང་མཉམ་ལས་ལས་དོན་གྱི་ལེའུ་གསར་པ་རྩོམ་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་སད་རྟོགས་ནུས་པ། ལག་བསྟར་ནུས་པ་བཅས་ཇེ་མཐོར་བཏང་ནས། རྒྱ་ཆེ་བའི་ཁོངས་མི་དང་འབྲེལ་ཐུག་བྱེད་དགོས་པའི་མང་ཚོགས་ལ་སྣེ་འདོམས་སྒོས་ཀྲུང་གོ་གུང་ཁྲན་ཏང་གི་སྣེ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་མོས་མཐུན་དང་བསམ་བློའི་མོས་མཐུན། གཞུང་ལུགས་མོས་མཐུན་བཅས་འཕེལ་བར་སྐུལ་ཏེ། དུས་རྣམ་ཀུན་ཏུ་ཀྲུང་གོ་གུང་ཁྲན་ཏང་དང་ལུས་སེམས་གཅིག་གནས་དང་མཐུན་སྒྲིལ་འབད་འཐབ་ཀྱི་ཆབ་སྲིད་རང་གཤིས་རྒྱུན་འཁྱོངས་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གུང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་རང་རྒྱལ་གྱི་མ་འོངས་པའི་ལོ་ལྔ་དང་བཅོ་ལྔའི་འཕེལ་རྒྱས་ཁ་ཕྱོགས་གསལ་སྟོན་བྱས་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པར་དཔེ་དབྱིངས་ལེགས་པོ་བཟོས། རེ་བ་ཡིན་ན་ཚང་མས་འཇོན་ཐང་རྩལ་འདོན་དང་བློ་གྲོས་ཀྱི་ངར་བཏོན་ནས། འཐབ་ཇུས་རང་བཞིན་དང་སྤྱི་ཁོག་རང་བཞིན་གྱི་ཞིབ་འཇུག་ལས་སྒོ་སྤེལ་ཏེ། ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོེད་ལ་བདེན་གཉེར་གོ་ཆོད་ཀྱི་ཁ་གཏད་གྲོས་གཞི་གང་མང་འདོན་དགོས།

ཏིན་ཞའོ་ཞང་དང་དབྱིག་ཆོན། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ། ཀྲུང་དབྱང་འབྲེལ་ཡོད་སྡེག་ཁག་གི་འགན་ཁུར་བ་བཅས་ཐེངས་འདིའི་བྱེད་སྒོར་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།