ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་རོན་ཧྥུའུ་ཀྲུང་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པར་རྟེན་འབྲེལ་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ1པོའི་ཚེས31ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རོན་ཧྥུའུ་ཀྲུང་ལ་གློག་འཕྲིན་བཏང་སྟེ། ཁོ་ཡོའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བཤད་རྒྱུར། ཁྱེད་རང་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པའི་གཏམ་བཟང་གོ་རྗེས། ངས་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་མ་ཟད། མི་སྒེར་གྱི་མིང་ཐོག་ནས་ཁྱེད་རིང་བརྒྱུད་དེ་ཡོ་ནན་གུང་ཁྲན་ཏང་གི་སྐབས་གསར་པའི་ཀྲུང་དབྱང་མགོ་ཁྲིད་མཉམ་སྡེབ་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་ཡིན།

ཡོ་ནན་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་གཉིས་པ་འཚོགས་ཚུན།  བློ་མཐུན་རོན་ཧྥུའུ་ཀྲུང་གཙོ་བྱས་པའི་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག  ཡོ་ནན་གུང་ཁྲན་ཏང་གིས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཡོ་ནན་མི་དམངས་ཀྱི་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་གསར་སྒྱུར་བྱ་གཞག་ཁྲོད་གྲུབ་འབྲས་རབ་དང་རིམ་པ་བླངས་ཡོད། ཡོ་ནན་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་གསུམ་པ་རྒྱལ་ཁའི་ངང་འཚོགས་ཏེ། ཡོ་ནན་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་པ་རེད། བློ་མཐུན་རོན་ཧྥུའུ་ཀྲུང་གཙོ་བྱས་པའི་སྐབས་གསར་པའི་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག  ཡོ་ནན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སོ་སོར་གྲུབ་འབྲས་གསར་པ་སྔར་བས་ཆེན་པོ་ལོན་པར་ང་ལ་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

ཀྲུང་གོ་དང་ཡོ་ནན་གཉིས་ནི་སྤྱི་ཚོགས་རིང་ལུགས་ཀྱི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱང་ཡིན། ངས་ཀྲུང་གོ་དང་ཡོ་ནན་གྱི་ཏང་དང་རྒྱལ་ཁབ་ཀྱི་འབྲེལ་བར་མཐོང་ཆེན་བྱེད་ཀྱིན་ཡོད། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་མཉམ་དུ་འཐབ་ཇུས་ཀྱི་འབྲེལ་བ་ལ་ཤུགས་སྣོན་བརྒྱབ་སྟེ། སྲོལ་རྒྱུན་གྱི་མཛའ་གྲོགས་དར་སྤེལ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀྲུང་གོ་དང་ཡོ་ནན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་མཐུད་དང་། སྐྱོན་བྲལ། བརྟན་པོ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་མཉམ་དུ་སྣེ་ཁྲིད་བྱས་ཏེ།  རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་པོ་བསྐྲུན་རྒྱུ་དང་ ཧུར་ཐག་གིས་ས་ཁུལ་དང་འཛམ་གླིང་ཞི་བདེ་འཕེལ་རྒྱས་དང་མཉམ་ལས་གཉིས་ཕན་ཡོང་བར་སྐུལ་འདེད་གཏོང་ཆེད་བྱས་རྗེས་འཇོག་འདོད་ཡོད་ཅེས་གསུངས་པ་རེད།

མཐར་ཁྱེད་ཀྱིས་བླ་ན་མེད་པའི་ལས་གནས་ཐོག་གྲུབ་འབྲས་གསར་པ་ལེན་པར་སྨོན་འདུན་ཞུ་ཞེས་གསུངས་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།