ཡོ་ནན་གུང་ཁྲན་ཏང་གིས་འདེམ་བསྐོ་བྱས་ཏེ་སྐབས་བཅུ་གསུམ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཡོ་ནན་གུང་ཁྲན་ཏང་གི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱིས་ཟླ་དང་པོའི་ཚེས་སུམ་ཅུའི་ཉིན་ཡོ་ནན་གུང་ཁྲན་ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་མིང་ཐོ་ཁྱབ་སྒྲོག་བྱས། 

གསར་དུ་བདམས་ཐོན་བྱུང་བའི་ཡོ་ནན་གུང་ཁྲན་ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་ཁོངས་མི་ཉིས་བརྒྱ་ཡོད་པ་དང་། དེའི་ནང་ཀྲུང་དབྱང་ཨུ་ཡོན་བརྒྱ་དང་བརྒྱད་ཅུ་ཡོད་ལ། རྗེས་སྣོན་ཨུ་ཡོན་ཉི་ཤུ་ཡོད། ད་ལྟའི་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་རོན་ཧྥུའུ་ཀྲུང་དང་སྲིད་གཞུང་གི་ཙུང་ལི་རོན་ཁྲོན་ཧྥུའུ་གཉིས་ཀྲུང་དབྱང་ཨུ་ཡོན་གྱི་གྲོས་སུ་ཚུད་ཡོད། 

ཡོ་ནན་གུང་ཁྲན་ཏང་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱིས་ཟླ་དང་པོའི་ཚེས་སུམ་ཅུའི་ཉིན་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལྟར་ན། ཚོགས་ཆེན་གྲོལ་བའི་དུས་ཚོད་དེ་སྔར་གཏན་འཁེལ་བྱས་པའི་ཟླ་གཉིས་པའི་ཚེས་གཉིས་ཉིན་ནས་ཟླ་གཉིས་པའི་ཚེས་གཅིག་ཉིན་ལ་སྔོན་དུ་སྣུར་རྒྱུ་ཡིན་པ་དང་། སྐབས་བཅུ་གསུམ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཟླ་དང་པོའི་ཚེས་སོ་གཅིག་ཉིན་གྲོས་ཚོགས་ཐེངས་དང་པོ་སྤེལ་ནས། སྐབས་གསར་བའི་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ། ཀྲུང་དབྱང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བཅས་བདམས་རྒྱུ་རེད། 

ཡོ་ནན་གུང་ཁྲན་ཏང་གི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱིས་ཟླ་དང་པོའི་ཚེས་ཉེར་ལྔ་ཉིན་གྲ་སྒྲིག་གྲོས་ཚོགས་བསྡུས་པ་དང་། ཚེས་ཉེར་དྲུག་ཉིན་དངོས་སུ་ཚོགས་མགོ་བརྩམས། ཡོ་ནན་གྱི་ཏང་ཡོན་ས་ཡ་ལྔ་དང་འབུམ་གཅིག་ལྷག་གི་ཚབ་བྱས་པའི་འཐུས་མི་སྟོང་གཅིག་དང་ལྔ་བརྒྱ་གྱ་བདུན་ཚོགས་ཆེན་ལ་ཞུགས་ཡོད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།