ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཐུན་མོང་གི་སློབ་སྦྱོང་ཐེངས་ཉེར་བདུན་པ་བསྡུས་པ་དང་ཞི་ཅིན་ཕིང་གིས་མགོ་འཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཟླ1ཚེས28ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་དུས་སྐབས་སུ་རང་རྒྱལ་གྱི་འཕེལ་རྒྱས་ལ་འགོ་བཟང་བོ་འཛུགས་པའི་བྱ་བ་གཙོ་བོ་བཟང་བོར་བསྒྲུབ་པའི་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་ཉེར་བདུན་པ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུན་མོང་གི་སློབ་སྦྱོང་ལ་མགོ་འཛིན་མཛད་སྐབས་བསྟན་དོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ནི་གོ་རིམ་ལྡན་པའི་རིགས་གཞུང་མ་ལག་ཅིག་ཡིན་ལ། འཕེལ་རྒྱས་སྐོར་གྱི་དམིགས་ཡུལ་དང་སྒུལ་ཤུགས། རྣམ་པ། ཐབས་ལམ་སོགས་རིགས་གཞུང་དང་ལག་ལེན་གནད་དོན་རབ་དང་རིམ་པར་ལན་བཏབ་པ་དང་། ང་ཚོའི་ཏང་གིས་འཕེལ་རྒྱས་སྐོར་གྱི་ཆབ་སྲིད་ལངས་ཕྱོགས་དང་རིན་ཐང་ཁྲིད་ཕྱོགས། འཕེལ་རྒྱས་རྣམ་པ། འཕེལ་རྒྱས་བགྲོད་ལམ་སོགས་ཆབ་སྲིད་གནད་དོན་གལ་ཆེན་རྒྱས་བཤད་བྱས། ཏང་ཡོངས་ཀྱིས་ངེས་པར་དུ་ཆ་ཚང་ཞིང་ཡང་དག་པ་དང་། ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱས་ནས། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་དུས་སྐབས་སུ་རང་རྒྱལ་གྱི་འཕེལ་རྒྱས་འགོ་བཟང་བོ་ཞིག་འཛུགས་ཐུབ་པར་འགན་སྲུང་བྱེད་དགོས་ཟེར།

ཐེངས་འདིའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་གི་སློབ་སྦྱོང་སྟེང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་གྱིས་རང་སྦྱོང་བྱས་པ་དང་བྱ་བའི་མྱོང་ཚོར་བརྗེ་རེས་བྱས་ཤིང་། ལིའུ་ཧི་དང་སུན་ཁྲུན་ལན། ཧུའུ་ཁྲུན་ཧྭ། ཚའེ་ཆི་བཅས་ཀྱིས་སོ་སོར་དོ་དམ་བྱེད་པའི་ཁྱབ་ཁོངས་དང་ས་གནས་ཀྱི་བྱ་བ་དང་ཟུང་འབྲེལ་བྱས་ཏེ་གཏམ་བཤད་པ་དང་། ཚང་མས་བསམ་བློ་བརྗེ་རེས་བྱས།

ཞི་ཅིན་ཕིང་གིས་ཐུན་མོང་གི་སློབ་སྦྱོང་ལ་མགོ་འཛིན་མཛད་སྐབས་གསུང་བཤད་གནང་། ཁོང་གིས་བསྟན་དོན། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་བ་ལག་བསྟར་བྱེད་མགོ་རྩོམ་པའི་ལོ་ཡིན་པ་དང་། ང་ཚོའི་ཏང་བཙུགས་ནས་ལོ་བརྒྱ་ལོན་པའི་ལོ་ཡང་ཡིན། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བ་བཟང་བོར་བསྒྲུབ་པ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་དུས་སྐབས་སུ་རང་རྒྱལ་གྱི་འཕེལ་རྒྱས་ཐད་ནས་གོམ་པ་དང་པོ་སྤོ་རྒྱུ་ཧ་ཅང་གལ་ཆེ། གོམ་པ་དང་པོ་དེ་ཚད་ལྡན་དང་བརྟན་འཇགས་སྒོས་སྤོས་ཏེ་སྣང་བརྙན་གསར་བ་གསར་སྐྲུན་དང་གྲུབ་འབྲས་གསར་བ་ཐོབ་པར་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཆ་ཚང་ཞིང་ཡང་དག་པ་དང་ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་སྐབས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བས་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ལ་མཛུབ་སྟོན་དང་སྣེ་ཁྲིད་བྱེད་དགོས་པར་མ་ཟད་བཅོས་སྒྱུར་ཟབ་སྤེལ་བྱས་པ་བརྒྱུད་དེ་ཆ་ཚང་ཞིང་ཡང་དག་པ་དང་ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པར་སྒྲིག་སྲོལ་རྐྱེན་སྲོལ་གྱི་འགན་སྲུང་འདོན་སྤྲོད་བྱེད་དགོས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་ལ། རང་རྒྱལ་གྱི་ཁྱབ་ཁོངས་གཙོ་བོའི་བཅོས་སྒྱུར་གཙོ་བོའི་སྒྲོམ་གཞི་ཕལ་ཆེར་གཏན་འཁེལ་བྱས་པ་དང་། ད་ལྟ་བྱ་བ་གཙོ་བོ་དེ་ཆ་ཚང་ཞིང་ཡང་དག་པ་དང་ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པར་དམིགས་ཏེ། ཁོངས་གཏོགས་གཅིག་སྡུད་དང་གནད་ཁེལ་ཇུས་བསྟར་ཐད་ལ་ཤུགས་སྣོན་དགོས། ད་ཡོད་ཀྱི་བཅོས་སྒྱུར་རྨང་གཞིའི་སྟེང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་པར་དམིགས་ནས་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། གསར་སྐྲུན་ནུས་པ་ཇེ་ཆེར་གཏོང་བ་དང་དོ་མཉམ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པ། སྒོ་འབྱེད་ཆུ་ཚད་མཐོར་འདེགས་སུ་གཏོང་བ། མཉམ་སྤྱོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཁྱབ་ཁོངས་གཙོ་བོ་དང་གནད་འགག་ལས་རིམ་ལ་དམིགས་ཏེ་མུ་མཐུད་དུ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཞིང་སྔར་ལས་གནད་ལ་ཁེལ་བའི་སྒོ་ནས་བཅོས་སྒྱུར་ཇུས་གཞི་གཏན་འཁེལ་བྱེད་པ་དང་། ལམ་ལུགས་མ་ལག་ཁྱོན་ཡོངས་ནས་འཐུས་ཚང་དུ་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།