ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་པ་དང་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ1པོའི་ཚེས28ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་བྱ་བའི་ཡར་ཞུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་བྱ་བའི་སྙན་ཞུ་ལ་ཉན་ནས་ཞིབ་འཇུག་བྱས་པའི་ཕྱོགས་བསྡུས་གནས་ཚུལ་སྐོར་གྱི་སྙན་ཞུ་དང་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྐོར་ཞིབ་ཐེངས་དྲུག་པའི་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུ། ཉིས་སྟོང་ཉི་ཤུ་ལོའི་ཀྲུང་དབྱང་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་བྱ་བ་གཙོ་བོའི་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཉིས་སྟོང་ཉི་ཤུ་ལོའི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་ཉིས་སྟོང་ཉེར་གཅིག་ལོའི་བྱ་བར་བཀོད་སྒྲིག་བྱས་པར་འཐད་པ་བྱུང་།

ཚོགས་ཐོག་ནས་བསྟན་དོན། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བྱ་བ་གཙོ་བོ་ཡིན་པས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཏང་གི་སྲིད་འཛིན་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་རྒྱལ་ཁབ་ཀྱི་སྲིད་དབང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་མཐོ་ཚད་ནས་གཞི་རིམ་བཅོས་སྐྱོང་བྱ་བ་བཟང་བོར་བསྒྲུབ་པའི་གལ་ཆེན་རང་བཞིན་གསལ་བོར་ཤེས་པར་བྱེད་དགོས་ཟེར།

ཚོགས་ཐོག་ནས་ཀྲུང་དབྱང་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཉིས་སྟོང་ཉི་ཤུ་ལོའི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། ཉིས་སྟོང་ཉེར་གཅིག་ལོའི་བྱ་བའི་བཀོད་སྒྲིག་ལ་འཐད་པ་བྱུང་། ཚོགས་ཐོག་ནས་བལྟས་ན། འདས་པའི་ལོ་གཅིག་གི་ནང་ཀྲུང་དབྱང་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་པ་དང་། རྦད་ཆོད་དང་བརྟན་འཇགས་སྒོས་སྐོར་ཞིབ་བྱ་བ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་པར་སྙམ།

ཚོགས་ཐོག་ནས་བསྟན་དོན། སྐོར་ཞིབ་ཕྱོགས་ལ་གཞིགས་ན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་གི་འཛུགས་སྐྲུན་དང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་ཤུགས་བསྣན་ཞིང་ཆབ་སྲིད་སྐྱེ་ཁམས་རྒྱུན་མཐུད་སྒོས་བཟང་ཕྱོགས་སུ་འཕེལ་བཞིན་ཡོད་ལ། བྱ་བ་སོ་སོའི་ཐད་ནས་གྲུབ་འབྲས་གསར་བ་ཐོབ་ཡོད་ནའང་གནད་དོན་ཁ་ཤས་སྔར་བཞིན་གནས་ཡོད། ཏང་ཨུ་དང་ཏང་ཙུའུ་ཡིས་སྐོར་ཞིབ་དག་ཐེར་བཅོས་སྐྱོང་འགན་འཁྲི་ཁག་ཁུར་བྱས་ཏེ། ལོ་ལྔའི་འཆར་འགོད་བཅུ་བཞི་བ་གཏན་འཁེལ་དང་ལག་བསྟར་བྱེད་པར་ཟུང་འབྲེལ་བྱེད་པ་དང་། སྐོར་ཞིབ་གྲུབ་འབྲས་བཀོལ་སྤྱོད་བཟང་བོ་བྱེད་དགོས་པར་མ་ཟད་དག་ཐེར་དང་བཅོས་སྐྱོང་དམ་འཛིན་བྱེད་པར་གཅིག་གྱུར་སྒོས་འཆར་འགོད་བྱེད་དགོས། རིམ་པ་སོ་སོར་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲིའི་གནོན་ཤུགས་བརྒྱུད་སྤྲོད་བྱེད་པ་དང་། ཏང་ཨུ་དང་ཏང་ཙུའུ་ཡི་གཙོ་གཞིའི་འགན་འཁྲི་དང་ཧྲུའུ་ཅིའི་འགན་ཁུར་པ་དང་པོའི་འགན་འཁྲི། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ལྟ་རྟོག་འགན་འཁྲི་བཅས་ནན་ཏན་སྒོས་དངོས་འབེབས་བྱས་ཏེ། ཆབ་སྲིད་ལྟ་སྐུལ་ལ་ཤུགས་སྣོན་པ་དང་རྒྱུན་ལྡན་གྱི་ལྟ་སྐྲུལ་རྒྱུན་འཁྱོངས་བྱེད་པ། རུལ་སུངས་བྱེད་མི་ཕོད་པ་དང་སུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པར་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས། གཟབ་ནན་གྱི་དགོངས་གཞི་གཙོ་བོ་ཡུན་རིང་ལ་རྒྱུན་འཁྱོངས་བྱེད་དགོས། དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་ནན་མོ་བྱས་ཏེ། སྐབས་བརྗེ་བྱ་བའི་འགོ་ཁྲིད་ཚན་ཁག་གི་འཛུགས་སྐྲུན་དང་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ཟུང་འབྲེལ་བྱེད་དགོས་ཟེར།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།