ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་བརྙན་རིས་ཀྱི་རྣམ་པར་བརྟེན་ནས་ལིན་ཀྲིན་ཡེའོ་ཨི་ཡིས་ཉིས་སྟོང་ཉི་ཤུ་ལོའི་བྱ་བ་ཡར་ཞུ་བྱས་པར་གསན།

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།     སྤེལ་དུས། : 2021-01-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར་པེ་ཅིང་ནས་བརྙན་རིས་ཀྱི་རྣམ་པར་བརྟེན་ནས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིན་ཀྲིན་ཡེའོ་ཨི་ཡིས་ཉིས་སྟོང་ཉི་ཤུ་ལོའི་བྱ་བ་ཡར་ཞུ་བྱས་པར་གསན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར་པེ་ཅིང་ནས་བརྙན་རིས་ཀྱི་རྣམ་པར་བརྟེན་ནས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིན་ཀྲིན་ཡེའོ་ཨི་ཡིས་ཉིས་སྟོང་ཉི་ཤུ་ལོའི་བྱ་བ་ཡར་ཞུ་བྱས་པར་གསན། ལིན་ཀྲིན་ཡེའོ་ཨི་ཡིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་འདས་པའི་ལོ་གཅིག་གི་བྱ་བ་དང་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་སོགས་ཀྱི་གནས་ཚུལ་ཡར་ཞུ་བྱས།

ཞི་ཅིན་ཕིང་གིས་བསྟན་དོན། རིམས་ནད་འགོག་བཅོས་ཀྱི་དགོས་མཁོ་ལྟར། ཐེངས་འདིར་བརྙན་རིས་ཀྱི་རྣམ་པར་བརྟེན་ནས་ཁྱོད་ཀྱིས་ཉིས་སྟོང་ཉི་ཤུ་ལོའི་བྱ་བ་ཡར་ཞུ་བྱས་པར་ཉན་པ་ཡིན། ངས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྡོད་དམངས་ཡོངས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས་པ་ཡིན་ལ། པྲོག་གསར་གློ་ཚད་རིམས་ནད་བྱུང་ནས་ལོ་གཅིག་ལྷག་གི་རིང་ལ། འཛམ་གླིང་ཡོངས་ལ་གནོད་པ་ཆེན་པོ་ཐེབས། ཞང་ཀང་ནི་སྒོ་འབྱེད་བྱས་པའི་རྒྱལ་སྤྱི་རང་བཞིན་གྱི་གྲོང་ཁྱེར་ཡིན་པའི་ཆ་ནས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དུས་སྐབས་སྔོན་མ་ཞིག་ལ་ཞང་ཀང་དུ་རིམས་ནད་ཚབས་ཆེན་བྱུང་བ་དེས་གྲོང་ཁྱེར་སྡོད་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་འཇིགས་སྣང་ཅུང་ཆེན་པོ་ཐེབས་པ་དང་། ཚང་མའི་བྱ་བ་དང་འཚོ་བའི་ཐད་ལ་གནོད་པ་ཆེན་པོ་བཟོས་པས། ངས་དེ་ལ་ཧ་ཅང་སེམས་ཁུར་བྱེད་ཀྱིན་ཡོད། ཀྲུང་དབྱང་སྲིད་གཞུང་གིས་མུ་མཐུད་དུ་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་པ་དང་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རིམས་ནད་ལ་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་བྱེད་ངེས་ཡིན། ཚང་མས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་མཐུན་སྒྲིལ་སྒོས་རིམས་ནད་འགོག་བཅོས་བྱེད་དགོས། མེས་རྒྱལ་ནི་ནམ་ཡང་ཞང་ཀང་གི་རྒྱབ་རྩ་ཡིན་པས་མིག་མདུན་གྱི་དཀའ་ཁག་ལས་རྣམ་པར་རྒྱལ་ཐུབ་པ་ཤ་སྟག་ཡིན་ཟེར།

ཞི་ཅིན་ཕིང་གིས་ལིན་ཀྲིན་ཡེའོ་ཨི་བརྒྱུད་དེ་ཨ་མེ་རི་ཁས་ཁུངས་མེད་བཀག་སྡོམ་བྱས་པའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་འབྲེལ་ཡོད་དཔོན་རིགས་ལ་བརྩེ་བའི་འཚམས་འདྲི་བྱས།

ལིན་ཀྲིན་ཡེའོ་ཨི་ཡིས་ཀྲུང་དབྱང་གིས་ཞང་ཀང་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་ལྷག་བསམ་རྣམ་དག་སྒོས་བཀའ་དྲིན་ཆེ་ཞུས་པར་མ་ཟད། དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་དོ་དམ་བཅོས་སྐྱོང་ལ་འགོ་ཁྲིད་དེ་ནུས་ཤུགས་གང་ཡོད་འདོན་པ་དང་། ལྡབ་འགྱུར་སྒོས་བྱ་བ་སྒྲུབ་པ། དཀའ་ཁག་སྣ་ཚོགས་ཁྱད་སེལ་བྱས་ནས། ཞང་ཀང་སྔར་ལས་འཕེལ་རྒྱས་སུ་གཏོང་ངེས་ཡིན་ཞེས་བསྟན།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།