ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དང་པོའི་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ཧི་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། པྲོག་དབྱིབས་གློ་ཚད་རིམས་ནད་གློ་བུར་དུ་བྱུང་བ་ནས་བཟུང་། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་རང་རྟོགས་སྒོས་དེ་བསྟུན་གྱི་སྦྱོར་བ་སྤེལ་ཏེ། ཤུགས་ཆེན་པོས་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་མཐུན་སྒྲིལ་བབ་བརྟན་ཡོང་བར་སྲུང་སྐྱོབ་བྱས་ནས། འཛམ་གླིང་ཡོངས་ཀྱི་རིམས་ནད་འགོག་སྡོམ་དང་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་མུ་མཐུད་དུ་བདེ་ཐང་འཕེལ་རྒྱས་ཡོང་བར་བྱས་རྗེས་ཆེན་པོ་བཞག ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱིས་ཀྲུང་གོའི་ལུས་རྩལ་བྱ་བར་རྒྱབ་སྐྱོར་གང་ལེགས་བྱེད་པར་བསྟོད་བསྔགས་བྱེད་རྒྱུ་དང་། སྔར་སྲོལ་ནང་བཞིན་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་བྱ་བའི་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་སོ་སོའི་རྒྱབ་རྩ་ནས་ལངས་ཏེ། ཏུང་ཅིན་ཨོ་རྩལ་འགྲན་ཚོགས་དང་པེ་ཅིན་གྱི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་བསྡུ་བར་སྟོབས་ཤུགས་གང་ཡོད་བཏོན་ནས། རྒྱལ་སྤྱིའི་སྤྱི་ཚོགས་སྔ་མོ་ནས་རིམས་ནད་ལས་རྣམ་པར་རྒྱལ་བ་དང་འཛམ་གླིང་དཔལ་འབྱོར་སླར་གསོ་མངོན་འགྱུར་བྱེད་པ། རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་སྲུང་སྐྱོབ་ཐད་བྱས་རྗེས་གང་ལེགས་འཇོག་རྒྱུ་ཡིན་ཟེར།

པཱ་ཧི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཡང་དག་པའི་འགོ་ཁྲིད་འོག་ཏུ། ཀྲུང་གོས་རིམས་ནད་འགོག་སྡོམ་བྱ་བར་གྲུབ་འབྲས་འབུར་ཐོན་བླངས་ཡོད་པ་དང་། དཔལ་འབྱོར་ཀུན་གྱི་སྔོན་མ་བྱས་ཏེ་སླར་གསོ་མངོན་འགྱུར་བྱས་པར་མ་ཟད། འཛམ་གླིང་དཔལ་འབྱོར་སླར་གསོ་ཡོང་བར་སྒུལ་ཤུགས་བླ་མེད་བསྩལ་བར་སེམས་གཏིང་ནས་རྟེན་འབྲེལ་ཞུས་པ་ཡིན། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག་ཏུ། པེ་ཅིན་གྱི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་བྱ་བའི་སྟ་གོན་ལས་རིམ་ཁག་ཚང་མས་རིམས་ནད་ཀྱི་འགོག་རྐྱེན་ཅི་རིགས་སེལ་ནས། གྲ་སྒྲིག་བྱ་བ་ཚགས་སུ་ཆུད་འདུག རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་ཕྱོགས་ཀྱིས་ལྗང་མདོག་དང་མཉམ་སྤྱོད། སྒོ་འབྱེད། བབ་གཙང་བཅས་ཀྱི་ཨོ་རྩལ་འགྲན་ཚོགས་ཤིག་བསྡུ་བར་རྒྱབ་སྐྱོར་གང་ལེགས་བྱས་ཏེ། པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་བདེ་ལེགས་ངང་བསྡུ་བར་འགན་ལེན་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།