ཞི་ཅིན་ཕིང་གིས་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ལ་ཁ་པར་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས26ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ལ་ཁ་པར་བཏང་ནས་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་བཤད་རྒྱུར། ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་བར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ཚུན། ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད།  པྲོག་གསར་གློ་ཚད་རིམས་ནད་འཛམ་གླིང་ཡོངས་སུ་མཆེད་པའི་གནས་ཚུལ་མདུན་དུ།  ཕྱོགས་གཉིས་ཀྱིས་རིམས་ནད་འགོག་པའི་མཉམ་ལས་དམ་ཟབ་བྱས་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་བརྟན་ཐོག་གོང་འཕེལ་ཀྱི་གནས་བབ་བཟང་པོ་སྲུང་འཛིན་བྱས་ཡོད། ད་ལོ་ནི་ཀྲུང་གོས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་ལེན་བསྟར་འགོ་ཚུགས་པའི་ལོ་ཡིན་ལ། ཀྲུང་གོས་འཕེལ་རྒྱས་ཀྱི་གནས་བབ་གསར་པ་བསྐྲུན་ཏེ་སྔར་ལས་མཐོ་བའི་འགོ་འཛུགས་སའི་སྟེང་བཅོས་བསྒྱུར་སྒོ་འབྱེད་ལ་སྐུལ་འདེད་བཏང་སྟེ། ཨུ་རུ་སི་དཀར་པོ་ཚུད་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོ་ལ་འཕེལ་རྒྱས་ཀྱི་གོ་སྐབས་སྔར་ལས་མང་པོ་འདོན་སྤྲོད་དང་། མཉམ་ལས་ཀྱི་བར་སྟོང་སྔར་ལས་ཡངས་ཤིང་རྒྱ་ཆེ་བ་གཏོད་རྒྱུ་ཡིན། ཕྱོགས་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་བཟོ་ལས་གླིང་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་པ་དང་། རིམས་ནད་འགོག་བཅོས་དང་དཔལ་འབྱོར་ཉོ་ཚོང་། སློབ་གསོ། ཚན་རྩལ། རིག་གནས། ས་གནས་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་སྔར་ལས་མང་པོ་བྱེད་དགོས། ཕྱོགས་གཉིས་ཀྱིས་ཕན་ཚུན་ཡིད་ཆེས་དང་མཉམ་ལས་མཉམ་ཁེ་ཡོང་བའི་སྙིང་སྟོབས་བཅངས་ནས་ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་ཆེན་པོ་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་དཀར་པོས་རང་གི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཆབ་སྲིད་ཀྱི་གནས་ཚུལ་བརྟན་ལྷིང་དང་སྤྱི་ཚོགས་བདེ་འཇགས་ཡོང་བར་རེ་བ་བཅངས་ཡོད་པས། ཨུ་རུ་སི་དཀར་པོ་ཕྱོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རང་ནུས་གང་ཡོད་ཀྱིས་རོགས་རམ་བྱེད་པའི་རེ་བ་ཡོད། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ཏེ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་དང་། རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོབ་བྱེད་དགོས་ཞེས་བསྟན།

ལུའུ་ཁཱ་ཧྲིན་ཁི་ཡིས་བཤད་རྒྱུར། ངས་ཀྲུང་གོའི་ཕྱོགས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་དང་། ཐོན་སྐྱེད་སླར་གསོ། དབུལ་ཐར་འགག་སྒྲོལ། ཟླ་བའི་གོ་ལར་རྟོག་ཞིབ་བྱེད་པ་བཅས་ཀྱི་ལས་དོན་ཐད་གྲུབ་འབྲས་གལ་ཆེན་ལོན་པར་སྙིང་ཐག་པ་ནས་ཡིད་སྨོན་དང་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་དཀར་པོའི་རིམས་ནད་འགོག་བཅོས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན། ཨུ་རུ་སི་དཀར་པོ་དང་ཀྲུང་གོ་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན་པ་དང་། ཨུ་རུ་སི་དཀར་པོས་ཞང་ཀང་དང་། ཐའེ་ཝན། ཞིན་ཅང་སོགས་ཀྲུང་གོའི་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་བློ་རྩ་བརྟན་པོའི་སྒོ་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་ལངས་ཏེ། ཕྱི་ཕྱོགས་ཀྱི་ཐེ་ཇུས་ཡོད་ཚད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་བཞིན་ཡོད། ཨུ་རུ་སི་དཀར་པོའི་ཧུར་ཐག་གིས་ཀྲུང་གོ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”དང་ཨུ་རུ་སི་དཀར་པོ་དང་ཀྲུང་གོའི་བཟོ་ལས་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་དང་ས་གནས་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད། མཐར་ཀྲུང་གོ་མི་དམངས་ཀྱི་དཔྱིད་གསར་དུས་ཆེན་ལ་དགའ་སྤྲོ་དང་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།