ཐབས་བརྒྱ་ཇུས་སྟོང་གིས་མི་དམངས་མང་ཚོགས་ཀྱིས་ས་གནས་དེ་ག་ནས་ལོ་སར་སྐྱིད་པོ་ཞིག་རོལ་བར་འགན་སྲུང་བྱེད་དགོས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས26ཉིན། ཚོང་དོན་པུའུ་ཡིས་ཉེ་ཆར《ལོ་སར་སྐབས་ཀྱི་ཚོང་རའི་མཁོ་འདོན་འགན་སྲུང་བྱ་བ་ལེགས་པོར་སྒྲུབ་པའི་སྐོར་གྱི་བརྡ་སྦྱོར》དཔར་འགྲེམ་བྱས་ཏེ། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་གོ་རིམ་ལྡན་པའི་ངང་ལོ་སར་སྐབས་ཀྱི་འཚོ་བའི་དངོས་རྫས་མཁོ་འདོན་གཅིག་གྱུར་གྱིས་ལེགས་པོར་སྒྲུབ་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་མི་དམངས་མང་ཚོགས་ཀྱིས་ས་གནས་དེ་ག་ནས་ལོ་སར་སྐྱིད་པོ་ཞིག་རོལ་བར་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན། 

བརྡ་སྦྱོར་ལས་བསྟན་དོན། ཚོང་ཟོག་འཁོར་རྒྱུག་ཁེ་ལས་ཀྱིས་ཚོང་རྫས་མཁོ་འདོན་ཚོང་རར་མཛུབ་སྟོན་བྱེད་དགོས་པ་དང་། ཆུ་ཐོན་དངོས་རྫས་དང་ནོར་ལུག་གི་ཤ བྱ་ཤ་སོགས་ཐོན་རྫས་ཚོང་རར་འགྲེམས་ཚད་མཐོ་རུ་བཏང་ནས། དུས་ཆེན་གྱི་བཟའ་བཏུང་ཕུན་ཚོགས་སུ་གཏོང་བ་དང་། སྒོ་རྩིས་ཚོང་ཁང་དང་ཞིང་ཞོར་ཐོན་རྫས་སྡེབ་ཚོང་ཚོང་རས་དངོས་ཟོག་ཐོན་ཁུངས་རྩ་འཛུགས་དང་སྡེབ་སྒྲིག་ཤུགས་ཚད་ཆེ་རུ་བཏང་སྟེ། ཕྱེ་འབྲས་དང་སྣུམ། སྔོ་ཚལ། ཤ་དང་བྱ་སྒོང་། འོ་མ་སོགས་འཚོ་བའི་དགོས་ངེས་ཐོན་རྫས་མཁོ་འདོན་བྱེད་པ་དང་། རིན་གོང་གཏན་འཇགས་ཡོང་བ། དུས་ཐོག་ཏུ་སྔོ་ཚལ་དང་ཤ་རིགས་སོགས་ས་གནས་སུ་གསོག་ཉར་བྱས་ནས། ཚོང་རའི་མཁོ་འདོན་ཇེ་མང་དུ་གཏོང་དགོས་པའི་བླང་བྱ་བཏོན། 

བརྡ་སྦྱོར་ལས། འགོག་བཅོས་ཚོད་འཛིན་གྱི་ཚད་གཞི་བླང་བྱ་སོ་སོ་ཏན་ཏིག་གིས་དོན་འཁྱོལ་དང་། ཚོང་རར་འཛུལ་སྐབས་ཀྱི་ལུས་ཕུང་དྲོད་གྲངས་ལྟ་ཞིབ། དེ་མིན་བདེ་ཐང་བཤེར་རིས་ཞིབ་བཤེར་སོགས་ཀྱི་བྱ་བ་ལེགས་པོར་སྒྲུབ་ནས། དམངས་སྲིད་སྡེ་ཁག་སོགས་དང་མཉམ་དུ་སྤྱི་ཚོགས་ཉམས་ཞན་ཚོགས་པ་དང་དམིགས་བསལ་དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོར་བྱ་བ་ལེགས་པོར་སྒྲུབ་པ་དང་། ཚོང་རའི་བཟའ་བཏུང་དང་། དངོས་ཟོག་མྱུར་སྐྱེལ། སྡེ་ཁུལ་སྲང་ལམ། དང་བླངས་པའི་ཚོགས་པར་དྲ་ཐོག་ནས་ཚབ་ཚོང་དང་། ཚབ་ཉོ། སྒོ་ཁར་སྐྱེལ་བ། ཟ་མ་སྐྱེལ་བ་སོགས་ཀྱི་ཞབས་ཞུ་སྒྲུབ་པར་མཛུབ་སྟོན་བྱས་ཏེ། ཚོང་ཟོག་འཁོར་རྒྱུག་ཁེ་ལས་ཀྱིས་མི་དམངས་ཤོག་སྒོར་མི་ལེན་པའི་བྱ་སྤྱོད་ཡོད་མི་ཆོག་ལ། ཤོག་སྒོར་གྱིས་རྩིས་སྤྲོད་ལ་ཟུར་ཟ་དང་མཐོང་ཆུང་བྱས་མི་ཆོག་པར། འཛད་སྤྱོད་དང་མ་མཐའི་འཚོ་བའི་དགོས་མཁོར་སྟབས་བདེ་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན། 

བརྡ་སྦྱོར་ལས་ནན་གྱིས་བསྟན་དོན། བཟའ་བཏུང་ཞབས་ཞུ་ཁེ་ལས་དང་དྲ་ཐོག་ནས་ཕྱིར་འཚོང་བྱེད་པའི་གློག་རྡུལ་སྟེགས་བུས་མཐུད་སྦྲེལ་ལ་ཤུགས་བསྣན་ནས། སྔ་མོ་ནས་དགུ་ཐུག་དང་བཟའ་མི་ལྷན་འཛོམས་སོགས་ཀྱི་སྔོན་མའི་ཁ་ཆད་མངགས་ཉོ་བྱ་བ་ལེགས་པོར་སྒྲུབ་པ་དང་། ཆ་རྐྱེན་ཡོད་པའི་ཚོང་ཟོག་འཁོར་རྒྱུག་ཁེ་ལས་ཀྱིས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་སྔོན་འགྲོའི་ཆ་རྐྱེན་འོག  གོ་རིམ་ལྡན་པའི་ངང་ཐང་འཚོང་དང་ཕྱི་འཚོང་སོགས་ཀྱི་བྱ་འགུལ་སྣ་མང་སྤེལ་ཏེ་སྡོད་དམངས་ཀྱི་འཚོ་བའི་དགོས་མཁོ་སྐོང་དགོས་ཞེས་བསྟན།། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།