ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཏོ་སྨི་ཉི་ཁིའི་ཙུང་ལི་སི་ཁི་ལི་ཐི་ལ་ཁ་པར་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-01-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ1པོའི་ཚེས25ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏོ་སྨི་ཉི་ཁིའི་ཙུང་ལི་སི་ཁི་ལི་ཐི་ལ་ཁ་པར་བཏང་ནས་གྲོས་མོལ་མཛད། 

ཞི་ཅིན་ཕིང་གིས་བཤད་རྒྱུར། ཀྲུང་གོ་དང་ཏོ་སྨི་ཉི་ཁི་རྒྱལ་ཁབ་གཉིས་ཀྱི་རྒྱང་ཐག་ཤིན་ཏུ་རིང་ནའང་། ཕྱོགས་གཉིས་ནི་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་གྲོགས་པོ་བཟང་བོ་ཡིན། ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ཧ་ལམ་ལོ་ངོ17འགོར་བའི་རིང་། ཀྲུང་གོ་དང་ཏོ་སྨི་ཉི་ཁི་བར་གྱི་འབྲེལ་བ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ཅིང་། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ཏེ། ཞིང་ལས་དང་སྨན་བཅོས། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ལེགས་སུ་འགྲོ་བཞིན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་མཐུན་ཉིན་བཞིན་ཇེ་ཟབ་ཏུ་འགྲོ་བཞིན་ཡོད། ཀྲུང་གོས་ཏོ་སྨི་ཉི་ཁི་ཕྱོགས་ཀྱིས་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཕྱི་འབྲེལ་གྱི་དམིགས་བསལ་ཁ་ཕྱོགས་སུ་བརྩིས་བར་གོང་བཀུར་བྱེད་བཞིན་ཡོད་པ་དང་། ཏོ་སྨི་ཉི་ཁི་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རང་ནུས་གང་ཡོད་ཀྱིས་རོགས་རམ་བྱ་རྒྱུའི་རེ་བ་བྱེད་ཀྱིན་ཡོད། ཕྱོགས་གཉིས་ཀྱིས་ཐུན་མོང་དུ་འབད་བརྩོན་བྱས་པར་བརྟེན་ཀྲུང་གོ་དང་ཏོ་སྨི་ཉི་ཁིའི་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་ངེས་ཡིན་པར་ཡིད་ཆེས་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ལ་གདོང་གཏད་དེ། ཀྲུང་གོ་དང་ཏོ་སྨི་ཉི་ཁིའི་ལག་གདང་སྦྲེལ་ནས་རིམས་ནད་འགོག་བཅོས་ལ་ཁ་གཏད་པ་དེས་ཕན་ཚུན་རོགས་རེས་ཀྱི་བརྩེ་བ་ཟབ་མོ་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཏོ་སྨི་ཉི་ཁིའི་ཕྱོགས་ལ་རིམས་ནད་སྔོན་འགོག་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་། ཏོ་སྨི་ཉི་ཁི་ཚུད་པའི་དར་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་རོགས་རམ་དང་རྒྱབ་སྐྱོར་བྱས་ཏེ་རིམས་འགོག་སྨན་ཁབ་དེ་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་སྤྱོད་ཐུབ་པའི་ཐོན་རྫས་སུ་འགྱུར་གང་ཐུབ་བྱས་ནས། རིམས་འགོག་སྨན་ཁབ་ཀྱི་བཅོས་ཐུབ་པའི་རང་བཞིན་དང་འགན་འཁུར་ཐུབ་པའི་རང་བཞིན་མངོན་འགྱུར་ཡོང་བར་ཀྲུང་གོའི་བྱས་རྗེས་འཇོག་རྒྱུ་ཡིན། ཀྲུང་གོ་དང་ཏོ་སྨི་ཉི་ཁི་ཕྱོགས་གཉིས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འདོན་འོས་པའི་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་བྱས་ཏེ། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཐུན་མོང་སྒྲིག་གཞི་འཛུགས་རྒྱུར་ཐུན་མོང་གིས་སྐུལ་འདེད་གཏོང་དགོས་ཞེས་བསྟན།

སི་ཁེ་ལི་ཐིས་བཤད་རྒྱུར། ཏོ་སྨི་ཉི་ཁི་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པ་ནས་བཟུང་། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་སྤྱོད་ཚུལ་བཟུང་བ་ནི་རྒྱལ་ཁབ་ཆེ་ཆུང་ཚང་མའི་ཕྱི་འབྲེལ་གྱི་མིག་དཔེར་གྱུར་ཡོད། ཀྲུང་གོའི་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་པ་དང་། འཕེལ་རྒྱས་དོ་མཉམ་མིན་པའི་གནད་དོན་ཐག་གཅོད་བྱེད་པར་འབད་བརྩོན་བྱས་ཏེ། ཏོ་སྨི་ཉི་ཁི་དང་དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་རོགས་རམ་བྱ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཏོ་སྨི་ཉི་ཁི་སོགས་རྒྱལ་ཁབ་ཀྱི་རིམས་ནད་འགོག་རྒོལ་བྱེད་པར་སྨན་བཅོས་དངོས་རྫས་ཀྱི་རོགས་སྐྱོར་མཁོ་འདོན་བྱས་ནས། རིམས་འགོག་སྨན་ཁབ་དེ་དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཏུ་བཅོས་ཐུབ་པའི་རང་བཞིན་དང་འགན་འཁུར་ཐུབ་པའི་རང་བཞིན་མངོན་འགྱུར་ཡོང་བར་བྱས་རྗེས་འཇོག་རྒྱུའི་ཁས་ལེན་བྱས་ཡོད། ཀྲུང་གོས་འཛམ་གླིང་ལ་མིག་དཔེ་བསྟན་ཡོད་པ་དང་། ཏོ་སྨི་ཉི་ཁིའི་ཡིད་ཆེས་ཆོག་པའི་གྲོགས་པོ་བཟང་པོ་ཡིན། ཏོ་སྨི་ཉི་ཁི་ཕྱོགས་ཀྱིས་ཀྲུང་གོའི་རྩ་དོན་རྒྱུན་འཁྱོངས་དང་། ཀྲུང་གོ་ཞི་བས་གོང་བུ་གཅིག་གྱུར་ཡོང་བར་རྒྱབ་སྐྱོར་བྱས་ཏེ། སྟོབས་ཤུགས་གང་ཞིག་གིས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། ཞང་ཀང་དང་ཐའེ་ཝན་སོགས་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྲུང་གོ་དང་མཉམ་དུ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་བཞིན་ཡོད། ཏོ་སྨི་ཉི་ཁི་ཕྱོགས་ཀྱིས་ཀྲུང་གོས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པར་འགོ་ཁྲིད་ཀྱི་ནུས་པ་འདོན་པར་བསྔགས་བརྗོད་བྱེད་ཅིང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་ཏེ། ཏོ་སྨི་ཉི་ཁི་དང་ཀྲུང་གོའི་འབྲེལ་བ། དེ་བཞིན་ཅ་ལེ་པི་རྒྱལ་ཁབ་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་འགྲོ་བར་སྐུལ་འདེད་གཏང་རྒྱུ་ཡིན་ཞེས་གསུངས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།