ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟླ་དང་པོའི་ཚེས་ཉེར་གསུམ་ཉིན་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་གལ་ཆེན་ལས་བསྟན་དོན། བདེ་འཇགས་ཐོན་སྐྱེད་དེ་གལ་འགངས་ཆེ་བས་ལྷོད་གཡེང་དུ་གཏན་ནས་གཏོང་མི་རུང་། ཉིས་སྟོང་ཉི་ཤུའི་ལོར། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་བབ་ཐད་ནས་གཏན་འཇགས་སྲུང་འཛིན་བྱས་ཡོད་པ་དང་། དེའི་ཞོར་དུ་གཏན་འཇགས་མིན་པའི་རྒྱུ་རྐྱེན་སྔར་བཞིན་ཅུང་མང་ལ། བདེ་འཇགས་ཐོན་སྐྱེད་བྱ་བའི་ལས་འགན་ཧ་ཅང་ལྗིད་ཅིང་དཀའ་ཚེགས་ཆེ། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་སོ་སོ་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། ནན་ཏན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་གོང་དུ་བཀུར་བ་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་བཀོད་འདོམས་བྱེད་པའི་རེ་བ་དངོས་འབེབས་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་ལས་རིམ་སོ་སོའི་བདེ་འཇགས་ཐོན་སྐྱེད་འགན་འཁྲི་དངོས་འབེབས་བྱས་ཏེ། བསྟུད་མར་བདེ་འཇགས་ཐོན་སྐྱེད་ཀྱི་རྨང་གཞིའི་འཛུགས་སྐྲུན་དམ་འཛིན་བྱེད་དགོས་པ་དང་། གནད་འཁེལ་ཁྲིམས་འཛིན་དང་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བྱས་ཏེ། རྩ་བ་ནས་ལེགས་བཅོས་བྱེད་པར་ཤུགས་སྣོན་པ་དང་། ལས་རིགས་ཁྱབ་ཁོངས་གཙོ་བོ་དང་ཉམ་ཞན་གྱི་ལས་རིམ་གཙོར་བཟུང་སྟེ། བདེ་འཇགས་ཐོན་སྐྱེད་ཆེད་དོན་ལེགས་བཅོས་ཀྱི་ལོ་གསུམ་གྱི་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་ནས་ཕན་ནུས་ལྡན་པའི་སྒོ་ནས་མི་མངོན་པའི་ཉེན་ཁ་ཞི་འཇགས་སུ་གཏོང་དགོས། བདེ་འཇགས་ཀྱི་ལྟ་རྟོག་དོ་དམ་བྱེད་ཐབས་གསར་གཏོད་དང་ཁེ་ལས་ཀྱི་བདེ་འཇགས་ཉེན་ཁའི་རིམ་པའི་དོ་དམ་དང་རང་འགུལ་གྱིས་སྙན་ཞུ་བྱེད་པ་སོགས་ཀྱི་ལམ་ལུགས་བཙུགས་ཏེ། ལྟ་རྟོག་དོ་དམ་གྱི་བྱེད་ནུས་མཐོར་འདེགས་བྱེད་པ་དང་། འཕྲལ་སྒྲུབ་རྒུད་སྐྱོབ་ནུས་པ་ཇེ་དྲག་ཏུ་གཏོང་བ། དོན་རྐྱེན་ཆེན་པོ་འབྱུང་བར་མཐའ་གཅིག་ཏུ་སྔོན་འགོག་དང་ཚོད་འཛིན་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་འགན་སྲུང་བྱེད་པ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མགོ་ལེགས་པར་རྩོམ་པ་བཅས་ཀྱི་ཐད་དུ་བྱས་རྗེས་གསར་བ་འཇོག་དགོས་ཟེར། 

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིའུ་ཧི་དང་། རྒྱལ་སྲིད་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ཡུང་དང་ཀྲའོ་ཁི་ཀྲི་བཅས་གྲོས་ཚོགས་ལ་ཞུགས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།