ལིས་ཀྲན་ཧྲུའུ་ཡིས་འབྲི་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུའི་སྟེང་ཁྲིམས་སྐྱོང་སྟོབས་ཤུགས་ཀྱིས་འབྲི་ཆུར་སྲུང་སྐྱོབ་བཟང་བོ་བྱེད་དགོས་པ་ནན་གྱིས་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར་པེ་ཅིང་ནས་འབྲི་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། འབྲི་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་དེ་འབྲི་ཆུའི་བཞུར་བརྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་འབྲེལ་བ་ཡོད་པར་མ་ཟད། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཆེ་ཕྱོགས་ལ་འབྲེལ་བ་ཡོད་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཆེ་ཕྱོགས་ལ་འབྲེལ་བ་ཡོད་པས། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་དང་ཁྲིམས་སྐྱོང་སྟོབས་ཤུགས་བཀོལ་ནས་འབྲི་ཆུར་སྲུང་སྐྱོབ་བཟང་བོ་བྱེད་དགོས་ཟེར། 

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། འབྲི་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་གཏན་འཁེལ་བྱས་པའི་ཁྲིམས་འཛུགས་ལས་འགན་གལ་ཆེན་ཞིག་ཡིན། འབྲི་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲི་ཆུའི་སྲུང་སྐྱོབ་ཐད་ཀྱི་མཛུབ་སྟོན་གལ་ཆེན་གྱི་རེ་བ་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དེ་རྒྱལ་ཁབ་ཀྱི་འདོད་བློ་དང་སྤྱི་ཚོགས་ཡོངས་ཀྱི་བྱ་སྤྱོད་དུ་བསྒྱུར་བའི་ཚད་གཞིར་བྱས་ཡོད་ལ། འབྲི་ཆུའི་གསོན་ཤུགས་དུས་གཏན་དུ་སྲུང་འཛིན་དང་ཀྲུང་ཧྭ་མི་རིགས་ཀྱི་གཏན་མཐུད་འཕེལ་རྒྱས་ཐད་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཡོད་ཟེར། 

ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། འབྲི་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་ནི་ད་ལོའི་ཟླ་གསུམ་པའི་ཚེས་གཅིག་ཉིན་ནས་ལག་བསྟར་བྱེད་རྒྱུ་ཡིན་ཞིང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གཅིག་ནས་སྐྱེ་ཁམས་གཙོར་འཛིན་དང་ལྷད་མེད་འཕེལ་རྒྱས་ཀྱི་འཐབ་ཇུས་གཏན་གནས་རྒྱུན་འཁྱོངས་བྱེད་དགོས་ལ། འབྲི་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་ནི་ཐོག་མར་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ་བཅའ་ཁྲིམས་ཤིག་ཡིན་པ་དང་། ལྷད་མེད་འཕེལ་རྒྱས་ཀྱི་སྐུལ་འདེད་བཅའ་ཁྲིམས་ཤིག་ཀྱང་ཡིན་པས། ཕྱོགས་ཡོངས་ནས་བཅའ་ཁྲིམས་ཀྱི་གཏན་འཁེལ་དངོས་འབེབས་བྱེད་དགོས། གཉིས་ནས་ཁྲིམས་བཅད་འགན་འཁྲི་ལག་བསྟར་གང་ལེགས་བྱས་ཏེ། བཅའ་ཁྲིམས་བཀོལ་ནས་འབྲི་ཆུའི་སྲུང་སྐྱོབ་ལ་ཚོད་འཛིན་ཐེབས་པའི་དཀའ་གནད་གཙོ་བོ་ཐག་གཅོད་བྱེད་དགོས། གསུམ་ནས་མ་ལག་འདུ་ཤེས་རྒྱུན་འཁྱོངས་སྒོས་འབྲི་ཆུའི་སྲུང་སྐྱོབ་ཀྱི་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན། རོགས་ལས་རང་བཞིན་བཅས་ཇེ་དྲག་ཏུ་གཏོང་བ་དང་། ཁྲིམས་ལྟར་འབྲི་ཆུའི་བཞུར་རྒྱུད་ཀྱི་མཐུན་སྦྱོར་རྐྱེན་སྲོལ་བཙུགས་ཏེ། འབྲི་ཆུའི་སྲུང་སྐྱོབ་བྱ་བར་གཅིག་གྱུར་བཀོད་འདོམས་དང་ལྟ་རྟོག་བྱེད་དགོས། བཞི་ནས་ཁྲིམས་བསྟར་ལྟ་རྟོག་འགན་འཁྲི་རྩད་གཅོད་ནན་མོ་བྱས་ཤིང་། ཟོལ་མེད་ཀྱིས་བཅའ་ཁྲིམས་ཀྱི་དྲག་གཤིས་དང་དབང་གྲགས་རང་བཞིན་ཇེ་དྲག་ཏུ་བཏང་སྟེ། བཅའ་ཁྲིམས་ཀྱི་དབང་གྲགས་ལ་འགྲན་སློང་ཕོད་པ་དང་འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བྱེད་ཕོད་མཁན་ལ་རིན་དོད་ཆེན་པོ་གཏོང་དུ་འཇུག་དགོས། ལྔ་ནས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་བཟོ་བཅོས་བྱ་བར་མྱུར་དུ་སྐུལ་འདེད་གཏོང་དགོས། དྲུག་ནས་བཅའ་ཁྲིམས་ཀྱི་དྲིལ་སྒྲོག་སློབ་གསོའི་ཁྱབ་གདལ་ལ་ཤུགས་བསྣན་ནས། སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་སྐྱོང་འདུ་ཤེས་དང་སྐྱེ་ཁམས་དཔལ་ཡོན་ལྟ་ཚུལ་ཇེ་དྲག་ཏུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར། 

ཝང་ཁྲིན་གྲོས་ཚོགས་ལ་ཞུགས། 

རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་དང་། ཁྲིམས་འཛིན་པུའུ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཆུ་བེད་པུའུ་བཅས་ཀྱི་འགན་ཁུར་བློ་མཐུན་དང་། ཧུའུ་པེ་ཞིང་ཆེན་དང་ཅང་སུའུ་ཞིང་ཆེན་གྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་བཅས་ཀྱིས་བཞུགས་མོལ་ཚོགས་འདུའི་སྟེང་གཏམ་བཤད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།