ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དང་པོའི་ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཐུང་ལུན་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་ཀྲུང་གོའི་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱི་ཚབ་མཛད་ནས་ཐུང་ལུན་ལའོ་ཝའོ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པར་རྟེན་འབྲེལ་ཞུས།  ཞི་ཅིན་ཕིང་གིས་བསྟན་དོན། ལའོ་ཝའོ་ཏང་གི་ཚོགས་ཆེན་བཅུ་གཅིག་པ་རྒྱལ་ཁའི་ངང་ཚོགས་ནས་ཏང་དང་རྒྱལ་ཁབ་སྐྱོང་བའི་བསམ་ཕྱོགས་གསར་པ་དང་བྱེད་ཐབས་གསར་པ་རབ་དང་རིམ་པ་བཏོན་པ་དེ་ལའོ་ཝའོ་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་གོང་འཕེལ་དུ་གཏོང་བར་དོན་སྙིང་གལ་ཆེན་ལྡན། བློ་མཐུན་ཐུང་ལུན་གཙོ་བྱས་པའི་སྐབས་གསར་པའི་ལའོ་ཝའོ་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་ལའོ་ཝའོ་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་རྡོག་རྩ་གཅིག་སྒྲིལ་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྟེང་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ལའོ་ཝའོ་ནི་རི་ཆུ་འབྲེལ་བའི་ཁྱིམ་མཚེས་བཟང་པོ་ཡིན་ལ། གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་ནི་ཀྲུང་གོ་དང་ལའོ་ཝའོ་གཉིས་ཀྱི་འབྲེལ་བའི་ངོ་བོའི་ཁྱད་ཆོས་ཡིན། མིག་སྔར། ཀྲུང་གོ་དང་ལའོ་ཝའོ་གཉིས་ཀྱི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་པ་དང་། འཛམ་གླིང་གི་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་དང་གོ་ལ་ཧྲིལ་པོའི་རིམས་ནད་ཀྱི་ཤུགས་རྐྱེན་ལ་དམིགས་ཏེ་ཀྲུང་གོ་ཕྱོགས་ཀྱིས་ལའོ་ཝའོ་ཕྱོགས་དང་མཉམ་དུ་མཐོ་རིམ་དབར་གྱི་འགྲོ་འོང་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་། འཐབ་ཇུས་ཀྱི་འབྲེལ་གཏུག་ཇེ་ཟབ་ཏུ་གཏོང་བ། ཏང་དང་རྒྱལ་ཁབ་སྐྱོང་བའི་ཉམས་མྱོང་བརྗེ་རེས་ཟབ་མོ་བཅས་བྱེད་འདོད་ཡོད།  ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ལའོ་ཝའོ་བར་གྱི་དཔལ་འབྱོར་བར་ཁྱམས་དང་ཀྲུང་གོ་དང་ལའོ་ཝའོ་བར་གྱི་ལྕགས་ལམ་སོགས་རྣམ་གྲངས་ཆེ་གྲས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཀྲུང་གོ་དང་ལའོ་ཝའོ་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་གྲུབ་འབྲས་སྔར་ལས་མང་པོ་ལེན་དགོས་ཟེར།

ཐུང་ལུན་གྱིས་བསྟན་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལའོ་ཝའོ་ཏང་གི་ཚོགས་ཆེན་ཐེངས་བཅུ་གཅིག་པ་རྒྱལ་ཁའི་ངང་གྲོལ་ནས་ཅང་མ་འགོར་བར་ང་ལ་ཁ་པར་བཏང་པ་དེས་བློ་མཐུན་ཞི་ཅིན་ཕིང་གིས་ལའོཝའོ་དང་ཀྲུང་གོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་གནང་བ་དང་ལའོ་ཝའོ་དང་ཀྲུང་གོའི་ཏང་གཉིས་དང་རྒྱལ་ཁབ་གཉིས།  རྒྱལ་ཁབ་གཉིས་ཀྱི་མི་དམངས་བཅས་ཀྱི་མཛའ་བརྩེ་ཟབ་མོ་དང་སྲོལ་རྒྱུན་མཛའ་གྲོགས་གང་ལེགས་སྒོས་མཚོན་ཡོད།  ད་ཐེངས་ལའོ་ཝའོ་ཏང་གི་ཚོགས་ཆེན་བཅུ་གཅིག་པར་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་པ་དང་། ལའོ་ཝའོ་ཏང་གིས་རྩ་དོན་ལྡན་པའི་ཁྱོན་ཡོངས་གསར་བཅོས་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ནས་མི་དམངས་ཀྱི་སྣེ་ཁྲིད་དེ་རྒྱལ་ཁ་གསར་པ་རབ་དང་རིམ་པ་བླངས་ནས་ལའོ་ཝའོ་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་གཏོང་རྒྱུ་ཡིན།   ལའོ་ཝའོ་ཕྱོགས་ཀྱིས་ཀྲུང་གོས་ལའོ་ཝའོ་འཕེལ་རྒྱས་ཀྱི་དུས་སྐབས་རེ་རེ་དང་པྲོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་ཐད་ནས་ལའོ་ཝའོ་ཕྱོགས་ལ་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།  ལའོ་ཝའོ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པའི་འགུལ་སྐྱོད་འཆར་གཞི་དོན་འཁྱོལ་བྱེད་པའི་ལས་དོན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་།  ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་གི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་རྒྱུ་ཡིན་ལ།  རིམ་པ་སོ་སོའི་མཛའ་མཐུན་བརྗེ་རེས་ལ་སྐུལ་འདེད་གཏོང་རྒྱུ་ཡིན།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་འོག  ཀྲུང་གོ་མི་དམངས་ཀྱིས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐད་གྲུབ་འབྲས་གསར་བ་ལེན་ཐུབ་པ་དང་གཏན་འཁེལ་བྱས་པའི་དམིགས་འབེན་མངོན་འགྱུར་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཁ་པར་གཏོང་སྐབས། ཞི་ཅིན་ཕིང་དང་ཐུང་ལུན་གཉིས་ཀྱིས་མཉམ་དུ་ཀྲུང་གོ་དང་ལའོ་ཝའོ་དབར་གྱི་མཛའ་མཐུན་ལོ་འགོ་བརྩམས་པ་ཁྱབ་སྒྲོག་བྱས་པ་དང་། རྟེན་འབྲེལ་ཞུ་བའི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས་ཀྲུང་གོ་དང་ལའོ་ཝའོ་དབར་གྱི་མཛའ་མཐུན་དེ་ཚང་མའི་སེམས་་གཏིང་དུ་སིམ་ཐུབ་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།