ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་པ་པེ་ཅིན་ནས་གྲོལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་པ་ཚེས་ཉེར་གཉིས་ཉིན་པེ་ཅིན་ནས་གྲོལ། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚོགས་འདུར་འགོ་འཛིན་མཛད། ཚོགས་ཐོག་ནས་བརྡས་ཐག་བཅད་དེ་གསར་དུ་བཟོ་བཅོས་བརྒྱབ་པའི་སྲོག་ཆགས་ཀྱི་རིམས་འགོག་ཁྲིམས་དང་གསར་དུ་བཟོ་བཅོས་བྱས་པའི་སྲིད་འཛིན་ཆད་གཅོད་ཁྲིམས། མཚོ་དམག་ཉེན་རྟོག་པའི་ཁྲིམས་བཅས་ལ་གྲོས་འཆམ་བྱུང་།

ལིས་ཀྲན་ཧྲུའུ་ཡིས་ཚོགས་འདུ་གྲོལ་བའི་གཏམ་བཤད་ཁྲོད་བཤད་རྒྱུར། གྲོས་ཚོགས་ལས་མཚོ་དམག་ཉེན་རྟོག་པའི་ཁྲིམས་ལ་གྲོས་འཆམ་བྱུང་བ་དེས་རྒྱལ་ཁབ་ཀྱི་བདག་དབང་བདེ་འཇགས་དང་རྒྱ་མཚོའི་ཁེ་དབང་ཕན་འབྲས་ལྡན་པའི་ངང་སྲུང་སྐྱོབ་བྱེད་པར་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱས། སྲོག་ཆགས་ཀྱི་རིམས་འགོག་ཁྲིམས་ལ་བཟོ་བཅོས་བྱས་པ་དེས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་ཆེན་པོ་བྱས། སྲིད་འཛིན་ཆད་གཅོད་ཁྲིམས་ལ་བཟོ་བཅོས་བྱས་པ་དེས་ཆད་གཅོད་གོ་རིམ་དང་ཁྲིམས་འཛིན་འགན་འཁྲི་གཟབ་ནན་ཅན་དུ་བཏང་།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། མུ་མཐུད་དུ་གྲོས་གཞི་གྲ་སྒྲིག་ལ་ཞིབ་བཤེར་བྱེད་པའི་ལམ་ལུགས་དང་བྱེད་ནུས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། རྩ་ཁྲིམས་ཀྱི་དབང་ཟིལ་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཅིག་གྱུར་ལ་སྲུང་སྐྱོབ་དོན་ལྡན་བྱེད་དགོས། འཐུས་མིའི་གྲོས་ཞིབ་སྒྲུབ་གཉེར་ལས་དོན་གཏིང་ཟབ་ཅན་དང་བབ་བརླིང་ཅན་གྱི་སྒོ་ནས་སྤེལ་དགོས། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་སྐབས་སུ་བཏོན་པའི་གྲོས་དོན་བསམ་འཆར་དང་དཔྱད་འཇོག  བསམ་འཆར། ཚོགས་འདུ་གྲོལ་སྐབས་བཏོན་པའི་བསམ་འཆར་བཅས་ཚང་མ་སྒྲུབ་གཉེར་བྱས་པར་མ་ཟད་འཐུས་མིར་ཨ་ལན་གསལ་བོ་བྱིན་ནས། དངོས་ཡོད་ཀྱི་གནད་དོན་སྐོར་ཅིག་ཐག་གཅོད་བྱས། དམངས་ཆེན་འཐུས་མིས་ཁྲིམས་ལྟར་བཏོན་པའི་གྲོས་དོན་བསམ་འཆར་ལ་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྤྲད་དེ་གཅིག་བསྡུས་སྒོས་སྒྲུབ་གཉེར་ལྟ་སྐུལ་གྱི་དྲིས་ལན་གསལ་བོ་བྱིན་ཡོད་ཅིང་། འབྲེལ་ཡོད་ཕྱོགས་སོ་སོས་གྲོས་གཞི་སྒྲུབ་གཉེར་ཐད་ཞིབ་འཇུག་ནན་མོ་བྱས་ནས། སྲིད་ཇུས་དང་བཅའ་ཁྲིམས། ལས་དོན་བཅས་ཀྱི་ཁྲོད་རྣམ་པ་བཟང་བོ་མངོན་པར་བརྟེན། དེ་ནི་རང་རྒྱལ་མི་དམངས་འཐུས་མིའི་ཚོགས་ཆེན་ལམལུགས་ཀྱི་ཁྱད་ཆོས་དང་དགེ་མཚན་ཡིན་པས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་སྟེང་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཆབ་སྲིད་ཀྱི་ཁྱད་ཆོས་དང་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་དགོས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།