ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་དང་པོའི་ཚེས་ཉི་ཤུའི་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། བྱེད་ཐབས་ཇེ་དྲག་ཏུ་གཏོང་བ་དང་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཁེ་ལས་དང་འབྲེལ་བའི་དཔྱ་ཁྲལ་གང་འདོད་དུ་བསྡུ་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་པ། གོ་རིམ་ལྡན་པའི་སྒོ་ནས་ཁྲིམས་བཅད་དཔྱད་ཁྲལ་བསྡུ་བའི་བྱ་བ་བཟང་བོར་བསྒྲུབས་ནས། ཁེ་ལས་དང་མང་ཚོགས་ལ་ལུགས་དང་མི་མཐུན་པའི་ཁུར་བོ་མི་སྣོན་པར་འགན་སྲུང་བྱེད་པ་བཅས་ལ་བཀོད་སྒྲིག་བྱས།

གྲོས་ཚོགས་ནས་བསྟན་དོན། རྒྱ་ཆེའི་ཚོང་ར་གཙོ་བོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན་ལ། མང་ཚོགས་དུང་ཕྱུར་མང་བོའི་ཁེ་ཕན་ལ་ཐད་ཀར་འབྲེལ་བ་ཡོད། ཚོང་ར་གཙོ་བོ་དང་ཁྱད་པར་དུ་ཁེ་ལས་ཆུང་འབྲིང་ལ་རྒྱབ་སྐྱོར་དང་ཞབས་འདེགས་ཞུ་བ་དང་། དངོས་ཕན་གྱི་བྱེད་ཐབས་བཏོན་ནས་དེ་དག་ལ་དཀའ་ཁག་སེལ་རོགས་བྱེད་པ། ལུགས་དང་མི་མཐུན་པའི་ཁུར་བོ་ཇེ་ཡང་དུ་བཏང་སྟེ། ཚོང་ར་གཙོ་བོའི་གསོན་ཤུགས་སྐུལ་སྤེལ་གང་ལེགས་བྱེད་དགོས། ཉེ་བའི་ལོ་འགའི་རིང་ལ། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དངོས་འབེབ་བྱས་པ་དང་། ཤུགས་ཆེན་པོས་ཁེ་ལས་དང་འབྲེལ་བའི་ཁྲལ་བསྡུ་ཚད་ལྡན་དུ་བཏང་སྟེ། ཀྲུང་དབྱང་གིས་བཙུགས་པའི་སྲིད་འཛིན་ལས་དོན་རང་བཞིན་གྱི་ཁྲལ་བསྡུ་དང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་སོ་སོར་བརྒྱ་ཆའི་བདུན་ཅུ་དང་བརྒྱ་ཆའི་སུམ་ཅུའི་ཡན་ཇེ་ཉུང་དུ་བཏང་བར་མ་ཟད། ས་ཁུལ་སོ་སོས་ཀྱང་ཁྲལ་བསྡུའི་རྣམ་གྲངས་སྐོར་ཞིག་རྩིས་མེད་དུ་བཏང་། ཁྱད་པར་དུ་ན་ནིང་བཏོན་པའི་དཔྱ་ཁྲལ་ཇེ་ཉུང་དུ་གཏོང་བ་དང་སྤྱི་ཚོགས་འགན་སྲུང་མ་དངུལ་དུས་རིམ་རང་བཞིན་གྱིས་ཇེ་ཉུང་དུ་གཏོང་བ་སོགས་ཀྱི་སྲིད་ཇུས་བཏོན་ནས། ཚོང་ར་གཙོ་བོའི་འགན་སྲུང་དང་དཔལ་འབྱོར་གྱི་རྨང་གཞི་གཏན་འཇགས་ཡོང་བའི་ཐད་གནད་འགག་གི་ནུས་པ་བཏོན་ཡོད་ཟེར། 

གྲོས་ཚོགས་ནས་བསྟན་དོན། དེང་སྐབས་རིམས་ནད་དང་དཔལ་འབྱོར་གནས་བབ་རྙོག་འཛིང་ཡིན་ཞིང་། ཚོང་ར་གཙོ་བོ་སྔར་བཞིན་དཀའ་ཁག་མི་ཉུང་བར་འཕྲད་ཡོད། རྩ་ལག་མཉམ་བཅོས་སྒོས་དཔྱ་ཁྲལ་གང་འདོད་དུ་བསྡུ་བར་བཅོས་སྐྱོང་དང་ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་སྟེ། དཔལ་འབྱོར་གཏན་འཇགས་སླར་གསོའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ཟེར། 

གྲོས་ཚོགས་ནས་ཁྲིམས་བཅད་ཀྱི་དཔྱ་ཁྲལ་རྒྱུན་ལྡན་ངང་བསྡུ་བའི་བྱ་བ་བཟང་བོར་སྒྲུབ་པ་དང་། རང་འདོད་ལྟར་སྔོན་ཆད་ཆད་ལ་བཞག་པ་གཅིག་བསྡུས་ཀྱིས་རྩིས་སྤྲོད་བྱེད་དུ་འཇུག་མི་རུང་བ་དང་། སྤྱི་ཚོགས་འགན་སྲུང་གྲོན་དངུལ་བསྡུ་བའི་འགན་འཁྲི་བསྒྱུར་བ་ལས་ཁེ་ལས་དང་ཁྱད་པར་དུ་ཁེ་ལས་ཆུང་འབྲིང་གི་ཁྲལ་བསྡུའི་ཁུར་བོ་ཇེ་ལྗིད་དུ་གཏོང་མི་རུང་། ད་ལོར་ཞིང་ཆེན་ཚང་མས་སྤྱི་ཚོགས་འགན་སྲུང་གི་ད་ལྟའི་བསྡུ་ཐབས་མ་འགྱུར་བར་བྱེད་དགོས། གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། སྤྱི་ཚོགས་འགན་སྲུང་གྲོན་དངུལ་བསྡུ་བའི་ལས་རིམ་ལེགས་བསྒྱུར་བྱས་ཤིང་། ཟླ་བདུན་པའི་སྔོན་ལ་ཁེ་ལས་ཀྱི་ཁྲལ་བསྡུའི་བྱ་བ་ཕལ་ཆེར་དྲ་སྟེང་ནས་བསྒྲུབ་ཐུབ་པ་མངོན་འགྱུར་བྱེད་པ་དང་། ལོ་མཇུག་གི་སྔོན་ལ་མི་སྒེར་གྱི་ཁྲལ་བསྡུའི་བྱ་བ་ཕལ་ཆེར་ཁ་པར་ལས་བསྒྲུབ་ཐུབ་པ་མངོན་འགྱུར་བྱེད་དགོས། བྱེད་ཐབས་གསར་གཏོད་བྱས་ཏེ་རྒན་པ་དང་དབང་བོ་སྐྱོན་ཅན་སོགས་ཀྱི་ཁྲལ་བསྡུའི་བྱ་བ་སྟབས་བདེ་ཡོང་བར་འགན་སྲུང་བྱེད་དགོས། སྤྱི་ཚོགས་འགན་སྲུང་གི་གྲོན་དངུལ་བསྡུ་བའི་གནས་ཚུལ་གྱི་ལྟ་རྟོག་དང་ཞིབ་བཤེར་ལ་ཤུགས་སྣོན་པ་དང་། གནད་དོན་རྙེད་ན་དུས་ལྟར་ཐག་གཅོད་བྱས་ཏེ། ཁྲིམས་འགལ་བྱ་སྤྱོད་ཀྱི་འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས།   །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།