ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་རྒྱལ་ཡོངས་དམངས་ཆེན་དང་ཁམ་ཕུ་ཀྲེ་རྒྱལ་ཚོགས་གཉིས་ཀྱི་བརྙན་རིས་བརྗེ་རེས་བྱ་འགུལ་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1611016435952772.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་དམངས་ཆེན་དང་ཁམ་ཕུ་ཀྲེ་རྒྱལ་ཚོགས་གཉིས་ཀྱི་བརྙན་རིས་བརྗེ་རེས་བྱ་འགུལ་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། འདས་པའི་ལོ་གཅིག་ནི་མིའི་རིགས་ཀྱི་ལོ་རྒྱུས་སྟེང་དུ་འགྲན་རྩོད་མང་པོའི་ལོ་ཞིག་ཡིན་ལ། དེ་དང་མཉམ་དུ་ཀྲུང་གོ་དང་ཁམ་ཕུ་ཀྲེ་ཕྱོགས་གཉིས་ཀྱིས་ཕན་ཚུན་རོགས་རེས་དང་ལག་རྡང་སྦྲེལ་ཏེ་རིམས་ནད་ལ་འགོག་རྒོལ་བྱས་པ་དང་། སྲོལ་རྒྱུན་མཛའ་བཤེས་སྔར་ལས་ཇེ་ཟབ་ཏུ་སོང་བའི་ལོ་ཞིག་ཀྱང་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་དབུ་བཞུགས་བློན་ཆེན་ཧོང་སིན་རྣམ་གཉིས་ཀྱིས་རྒྱུན་ལྡན་རང་བཞིན་གྱི་འཐབ་ཇུས་འབྲེལ་འདྲིས་སྲུང་འཛིན་བྱས་ཏེ། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་བའི་འོག་ཏུ་ཀྲུང་གོ་དང་ཁམ་ཕུ་ཀྲེ་བར་གྱི་འབྲེལ་བ་ཅི་ལྟར་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་བཏོན་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ལ་འཐབ་ཇུས་ཁྲིད་སྟོན་བྱས། ཀྲུང་གོ་དང་ཁམ་ཕུ་ཀྲེ་ཕྱོགས་གཉིས་ཀྱིས་མིང་བཀོད་པའི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པའི་འགུལ་སྐྱོད་བྱ་འགུལ་ཐད་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་དུས་རབས་གསར་བར་བསྐྱོད་མགོ་བརྩམས་ཟེར།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཁྲིམས་འཛུགས་ལས་ཁུངས་བར་གྱི་འབྲེལ་འདྲིས་ནི་ཀྲུང་གོ་དང་ཁམ་ཕུ་ཀྲེ་བར་གྱི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་ཧུར་ཐག་སྒོས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པར་སྐུལ་འདེད་བཏང་ནས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་བཅའ་ཁྲིམས་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱས། ཁྲིམས་འཛུགས་ལས་ཁུངས་ཀྱི་འཐུས་མི་དང་མང་ཚོགས་ཀྱིས་འབྲེལ་འདྲིས་དམ་པོ་བྱེད་པའི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། ཀྲུང་གོ་དང་ཁམ་ཕུ་ཀྲེ་བར་དུ་མི་རབས་ནས་མི་རབས་བར་མཛའ་མཐུན་ཡོང་བ་རྒྱུན་འཛིན་བྱེད་པ་དང་། རྒྱལ་ཁབ་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་དགོས་ཟེར།

ཁམ་ཕུ་ཀྲེ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཧན་སང་ལིན་གྱིས་བཤད་དོན། ཁམ་ཕུ་ཀྲེ་དང་ཀྲུང་གོ་བར་གྱི་མཛའ་བཤེས་ཆུ་བོའི་རྒྱུན་བཞིན་རིང་ལ། རྒྱལ་ཁབ་གཉིས་ཀྱིས་མཐུན་སྒྲིལ་སྒོས་རིམས་ནད་ལ་འགོག་རྒོལ་བྱས་པ་དང་། ཁམ་ཕུ་ཀྲེ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ཐད་ནས་སྔར་ལས་འཕེལ་རྒྱས་ཆེན་པོ་བྱུང་། ཁམ་ཕུ་ཀྲེ་རྒྱལ་ཚོགས་ཀྱིས་ཧུར་ཐག་སྒོས་ནུས་པ་འདོན་པ་དང་། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་བར་གྱི་བརྗེ་རེས་དང་མཉམ་ལས་ཤུགས་བསྣན་ནས། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།