བདེན་འཚོལ་དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་ཡུན་རིང་འབྲིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས་ཞེས་པའི་རྩོམ་ཡིག་གལ་ཆེན་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་བཅུ་དྲུག་ཉིན་བཏོན་པའི་སྐབས་གཉིས་པའི་བདེན་འཚོལ་དུས་དེབ་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་དུས་ཡུན་རིང་འབྲིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས་ཞེས་པའི་རྩོམ་ཡིག་གལ་ཆེན་སྤེལ། 

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་དུས་སྐབས་ནི་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་རྗེས། གནས་བབ་དང་བསྟུན་ནས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་གསར་བ་ལག་བསྟར་བྱེད་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ལ་ཁ་ཕྱོགས་པའི་ལོ་ལྔ་བ་དང་པོ་ཡིན་ལ། རང་རྒྱལ་འཕེལ་རྒྱས་ཀྱི་དུས་རིམ་གསར་བར་སླེབས་པ་ཡིན་ཟེར། 

རྩོམ་ཡིག་ལས་བསྟན་དོན། རྩོད་སྒྲུབ་ལྟ་བས་འཕེལ་རྒྱས་དུས་རིམ་གྱི་གོ་སྐབས་དང་འགྲན་རྩོད་གསར་བར་ངོས་འཛིན་བྱེད་དགོས། གོ་སྐབས་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། ངོས་འཛིན་ཡང་དག་དང་ཚན་རིག་ལྟར་འགྱུར་ལྡོག་ཐག་གཅོད་བྱེད་པ། རང་འགུལ་གྱིས་བསྒྱུར་བཅོས་བརྩོན་ལེན་བྱས་ཤིང་། དཀའ་ཁག་གདོང་གིས་བསུ་ཕོད་པ་དང་ཉེན་ཁ་གོ་སྐབས་སུ་བསྒྱུར་མཁས་པ་བྱས་ཏེ། ཧུར་ཐག་སྒོས་སྤུས་ཚད་སྔར་ལས་མཐོ་བ་དང་ཕན་འབྲས་སྔར་ལས་ལྡན་པ། སྔར་ལས་འདྲ་མཉམ་དང་རྒྱུན་མཐུད། བདེ་འཇགས་བཅས་ཡིན་པའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ཟེར། 

རྩོམ་ཡིག་ལས་བསྟན་དོན། རྒྱལ་དམངས་དཔལ་འབྱོར་འཁོར་སྐྱོད་གེགས་མེད་བྱེད་པ་གཙོར་བཟུང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་དགོས། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ནི་རང་རྒྱལ་གྱི་འཕེལ་རྒྱས་དུས་རིམ་དང་ཁོར་ཡུག ཆ་རྐྱེན་འགྱུར་ལྡོག་བཅས་ལ་གཞིགས་ཏེ་བཏོན་པ་ཡིན་ལ། རང་རྒྱལ་གྱི་རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ཀྱི་ཁྱད་སྟོབས་གསར་བ་བསྐྱར་བཞེངས་བྱེད་པའི་འཐབ་ཇུས་གདམ་གསེས་ཤིག་ཡིན། ཚན་རྩལ་གསར་གཏོད་ཀྱིས་འཕེལ་རྒྱས་ཀྱི་བྱེད་ནུས་གསར་བར་སྐུལ་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་གསར་གཏོད་སྒུལ་ཤུགས་ཀྱི་ནང་བཅུད་ལྡན་པའི་འཕར་སྣོན་ལ་བརྟེན་དགོས་པ་དང་། ཤུགས་ཆེན་པོས་རང་བདག་གསར་གཏོད་ནུས་པ་མཐོར་འདེགས་བྱས་ཏེ། གང་མགྱོགས་སྒོས་གནད་འགག་ལག་རྩལ་གཙོ་བོར་ཐོལ་བརྒལ་བྱེད་དགོས། བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་འཕེལ་རྒྱས་གསར་བའི་གསོན་ཤུགས་བསྐྱེད་དགོས། ངེས་པར་དུ་སྔར་ལས་ཆེ་བའི་བློ་སྤོབས་དང་སྔར་ལས་མང་བའི་བྱེད་ཐབས་སྤྱད་དེ་གཏིང་ཟབ་པའི་སྒོ་ནས་སྒྲིག་ལུགས་རྐྱེན་སྲོལ་གྱི་བཀག་རྒྱ་སེལ་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱིས་རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ཀྱི་ཁྱད་སྟོབས་གསར་བ་གསར་བསྐྲུན་བྱེད་དགོས། ཕྱོགས་ཡོངས་ནས་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། སྔར་ལས་ཆུ་ཚད་མཐོ་བའི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་གྱི་སྒྲིག་ལུགས་གསར་བ་འཛུགས་སྐྲུན་བྱས་ཏེ། རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ཀྱི་ཁྱད་སྟོབས་གསར་བ་ཆགས་པར་བྱེད་དགོས། མཉམ་འཛུགས་མཉམ་བཅོས་མཉམ་སྤྱོད་བཅས་ཀྱིས་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་རྒྱ་བསྐྱེད་དགོས། སྔར་ལས་འཐུས་སྒོ་ཚང་བ་དང་སྤུས་ཚད་སྔར་ལས་མཐོ་བའི་ལས་ཞུགས་མངོན་འགྱུར་བྱེད་པ་དང་། ཀུན་ལ་ཁེབས་པ་དང་རྒྱུན་མཐུད་ཐུབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་འཛུགས་པ། སྤྱི་བའི་འཕྲོད་བསྟེན་དང་རིམས་ནད་འགོག་བཅོས་མ་ལག་ཇེ་དྲག་ཏུ་གཏོང་བ། མི་གྲངས་ཀྱི་དུས་ཡུན་རིང་བོའི་དོ་མཉམ་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་སྤྱི་ཚོགས་ཀྱི་འགལ་བ་ཞི་འཇགས་སུ་བཏང་ནས། སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཟེར། 

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ང་ཚོས་མར་ཁེ་སིའི་ཆབ་སྲིད་དང་དཔལ་འབྱོར་རིག་པའི་བྱེད་ཐབས་སྨྲ་བ་བེད་སྤྱོད་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་བྱེད་དགོས། རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་གནས་བབ་དང་། རྣམ་པ་སྣ་ཚོགས་པའི་དཔལ་འབྱོར་སྣང་ཚུལ་གྱི་མདུན་ནས། མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དང་དཔལ་འབྱོར་རིག་པའི་གཞི་རྩའི་རིགས་པ་དང་བྱེད་ཐབས་སྨྲ་བར་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ན། ང་ཚོས་ཚན་རིག་གི་དཔལ་འབྱོར་དབྱེ་ཞིབ་བྱེད་ཐབས་ཁོང་དུ་ཆུད་པ་དང་། དཔལ་འབྱོར་འགུལ་སྐྱོད་ཀྱི་བརྒྱུད་རིམ་ལ་ངོས་འཛིན་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་ལ་ཁ་ལོ་བྱེད་པའི་ནུས་པ་མཐོར་འདེགས་སྒོས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཞུང་ལུགས་དང་ལག་ལེན་གནད་དོན་ལ་ལན་ཡང་དག་འདེབས་པར་ཕན་ཐོགས་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།