ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅོ་ལྔ་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། དུས་ཆེན་གཉིས་སྐབས་སུ་རིམས་ནད་ཀྱི་གནོད་པ་ཐེབས་པའི་དཀའ་ངལ་ཅན་གྱི་མང་ཚོགས་དང་མ་མཐའི་འཚོ་བ་འགན་སྲུང་བྱེད་ཡུལ་སོགས་ཀྱི་འཚོ་བའི་འགན་སྲུང་ལ་ཤུགས་སྣོན་པར་བཀོད་སྒྲིག་བྱས་པ་དང་། སྨན་རྫས་གཅིག་བསྡུས་དང་ཚད་དམིགས་ཉོ་སྒྲུབ་ཀྱི་བཅོས་སྒྱུར་སྔར་ལས་ཟབ་མོར་སྤེལ་ནས། རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱི་བྱེད་ཐབས་ཀྱིས་མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་ཇེ་ཡང་དུ་གཏོང་བར་བཀོད་སྒྲིག་བྱས།

གྲོས་ཚོགས་སྟེང་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་རིམས་ནད་འགོག་སྡོམ་གྱི་དམངས་ཚིས་མས་སྐྱོར་འགན་སྲུང་བྱེད་ཐབས་དོན་འཁྱོལ་ནན་མོ་བྱས་པ་དང་། གནོད་ཐེབས་མི་སྣའི་འཚོ་བའི་རོགས་སྐྱོབ་བྱ་བ་བཟང་པོར་བསྒྲུབས་ཏེ། མ་མཐའི་འཚོ་བ་འགན་སྲུང་བྱེད་ཡུལ་གྱི་མི་སྣར་འཚོ་བ་དང་རིན་གོང་གི་ཁ་གསབ་བསྣན་ནས། དཀའ་ངལ་ཅན་གྱི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་པར་ནུས་པ་གལ་ཆེན་བཏོན་ཡོད། ལུགས་རྙིང་ལོ་སར་བསླེབ་ལ་ཉེ་བས། རོགས་སྐྱོབ་འགན་སྲུང་བྱེད་དགོས་པའི་དཀའ་ངལ་ཅན་གྱི་ཚོགས་པར་སྔར་ལས་གནད་འཁེལ་གྱིས་རོགས་སྐྱོར་བཟང་པོ་བྱེད་དགོས། གཅིག་ནས་ཁྲོམ་རའི་འདོན་སྤྲོད་འདང་ཚིམ་པ་དང་རིན་གོང་བརྟན་བརླིང་ཡོང་བ་སྲུང་འཛིན་བྱེད་དགོས་པ་དང་། གནས་ཚུལ་ལ་བལྟས་ཏེ་སྤྱི་ཚོགས་རོགས་སྐྱོབ་དང་འགན་སྲུང་ཚད་གཞི་དེ་དངོས་གོང་འཕར་བར་མཉམ་དུ་སྦྲེལ་བའི་རྐྱེན་སྲོལ་ལག་བསྟར་བྱས་ནས། དུས་ལྟར་མ་མཐའ་འཚོ་བ་འགན་སྲུང་བྱེད་ཡུལ་སོགས་ཀྱི་ཚོགས་པར་འབྲེལ་ཡོད་ཁ་གསབ་བྱིན་ཏེ། གཞི་རྩའི་འཚོ་བར་འགན་སྲུང་བཟང་པོ་བྱེད་དགོས། གཉིས་ནས་དབུལ་ཕོངས་ལས་ཐར་བའི་མི་གྲངས་དང་དབུལ་བོར་འགྱུར་ཉེན་ཆེ་བའི་མི་གྲངས་ལ་ལྟ་ཞིབ་གྲལ་བཤེར་བྱེད་པར་ཤུགས་བསྣན་ནས། སྤྱི་ཚོགས་རོགས་སྐྱོབ་འགན་སྲུང་མ་ཁྱབ་ས་མེད་པར་ཁག་ཐེག་བྱེད་དགོས། གསུམ་ནས་ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་རང་ས་ཁུལ་དུ་ཡོད་པའི་ཞིང་པ་ཞོར་ལས་པ་དང་སློབ་གྲྭ་རུ་བསྡད་ཡོད་པའི་སློབ་མ་སོགས་ཀྱི་འཚོ་བར་བཀོད་སྒྲིག་བཟང་པོ་བྱེད་པར་ལྟ་སྐུལ་བྱེད་པ་དང་། ཞིང་སྡེའི་ཕ་མ་གམ་དུ་མེད་པའི་བྱིས་པ་དང་རྒན་པར་གཅེས་སེམས་འབུལ་བའི་ཞབས་འདེགས་ཞུ་བར་ཤུགས་སྣོན་དགོས། བཞི་ནས་རྒྱུས་ལོན་དང་གྲལ་བཤེར་བྱས་ཏེ། དྭ་ཕྲུག་དང་དབང་བོ་སྐྱོན་ཅན། སྙིང་ཁམས་མི་བདེ་བའི་མི་སོགས་དམིགས་བསལ་དཀའ་ངལ་ཅན་གྱི་ཚོགས་པར་འཚོ་བའི་དཀའ་ངལ་ཐག་གཅོད་རོགས་བྱེད་དགོས་ལ། གནས་སྐབས་སུ་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཁ་གཏད་རང་བཞིན་ལྡན་པའི་རོགས་རམ་བྱེད་དགོས། ལྔ་ནས་ཆུ་ལོག་གི་གནོད་འཚེ་སོགས་ཐེབས་པའི་མང་ཚོགས་དང་ལྷག་པར་དུ་གནས་སྐབས་སུ་བཀོད་སྒྲིག་བྱས་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བཟང་པོ་བྱེད་དགོས། དྲུག་ནས་དམངས་ཚིས་ལ་རྒྱབ་སྐྱོར་དང་འགན་སྲུང་བྱེད་པར་དམིགས་ནས། ཀྲུང་དབྱང་ནོར་སྲིད་ཀྱིས་སྔ་སྣུར་སྒོས་བྱིན་པའི་རོགས་སྐྱོབ་ཁ་གསབ་གྲོན་དངུལ་སྒོར་ཁྲག་ཁྲིག་གཅིག་པོ་བཟང་པོར་བཀོལ་དགོས་ཟེར། གྲོས་ཚོགས་སྟེང་དེང་སྐབས་ས་ཁུལ་ཁ་ཤས་སུ་མང་འདུས་རང་བཞིན་གྱི་རིམས་ནད་བྱུང་བར་དམིགས་ནས་འགོག་སྡོམ་ལ་ཤུགས་སྣོན་དགོས་པ་དང་། རིམས་ནད་འགོག་སྡོམ་དང་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་མཉམ་དུ་སྤེལ་ནས། འབྲས་དང་ཕྱེ། སྣུམ། སྔོ་ཚལ། ཤ སྒོ་ང་། འོ་མ་སོགས་འཚོ་བའི་དངོས་རྫས་ཀྱི་ཁྲོམ་རའི་འདོན་སྤྲོད་བཟང་པོར་བསྒྲུབ་ནས། མང་ཚོགས་སེམས་བདེ་མོའི་ངང་ལོ་སར་ལ་རོལ་ཏུ་འཇུག་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་སྨན་བཅོས་བཅོས་སྒྱུར་ཀྱི་བཀོད་སྒྲིག་ལྟར། སྨན་གསུམ་མཉམ་སྦྲེལ་རྒྱུན་འཁྱོངས་ཀྱིས་སྨན་རྫས་བསྡུ་ཉོ་རྒྱུན་ལྡན་ཅན་དང་ལམ་ལུགས་ཅན་དུ་གཏོང་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།