ཞི་ཅིན་ཕིང་གིས་ཐུང་ལོན་ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་བཅོ་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུང་ལོན་ལ་གློག་འཕྲིན་བཏང་སྟེ། ཁོ་རང་ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པར་རྟེན་འབྲེལ་ཞུས། 

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། སྐུ་ཉིད་ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པའི་གནས་ཚུལ་ཐོས་པས། བདག་གིས་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཤིང་རང་ཉིད་ཀྱི་མིང་སྟེང་ནས། སྐུ་ཉིད་དང་སྐུ་ཉིད་བརྒྱུད་དེ་ལའོ་ཝའོ་མི་དམངས་གསར་བརྗེ་ཏང་གི་སྐབས་གསར་བའི་ཀྲུང་དབྱང་མགོ་ཁྲིད་ཐུན་མོང་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་ཡིན། 

ལའོ་ཝའོ་མི་དམངས་གསར་བརྗེ་ཏང་གི་ཚོགས་ཆེན་ཐེངས་བཅུ་བའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་པིན་དབྱང་གཙོ་བྱས་པའི་ལའོ་ཝའོ་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ལའོ་ཝའོ་ཡི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལས་དོན་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ཆབ་སྲིད་དང་སྤྱི་ཚོགས་གཏན་འཇགས་ཡིན་པ་དང་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་བྱུང་ཡོད་ལ། དམངས་ཚིས་ལ་རྒྱུན་ཆད་མེད་པར་ལེགས་བཅོས་ཐོབ་ཡོད། གནས་བབ་གསར་བའི་འོག་ཏུ། ལའོ་ཝའོ་མི་དམངས་གསར་བརྗེ་ཏང་གི་ཚོགས་ཆེན་ཐེངས་བཅུ་གཅིག་པ་རྒྱལ་ཁའི་ངང་བསྡུས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ལ་བཀོད་སྒྲིག་རབ་དང་རིམ་པ་བྱས་པར་དོན་སྙིང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཐུང་ལོན་གཙོ་བྱས་པའི་སྐབས་གསར་བའི་ལའོ་ཝའོ་ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག ལའོ་ཝའོ་ཏང་གིས་ལའོ་ཝའོ་མི་དམངས་ཀྱི་སྣེ་ཁྲིད་དེ་མཐུན་སྒྲིལ་གཅིག་གྱུར་དང་ཡར་བརྩོན་ལྷོད་མེད་བྱས་ཏེ། ལའོ་ཝའོ་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་ལ་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་ཐུབ་པའི་ཡིད་ཆེས་ཡོད། 

ཀྲུང་གོ་དང་ལའོ་ཝའོ་ནི་རི་ཆུ་གཅིག་འབྲེལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་མཛའ་མཐུན་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་རིམ་བྱོན་གྱིས་སེམས་ཞིབ་མོས་དར་སྤེལ་དང་སྐུལ་འདེད་བཏང་འོག ཀྲུང་གོ་དང་ལའོ་ཝའོ་ཡི་འབྲེལ་བར་འཕེལ་རྒྱས་ཟབ་མོ་བྱུང་ནས། རྒྱུན་ཆད་མེད་པར་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། འཛམ་གླིང་ཧྲིལ་བོ་ཟང་ཟིང་གི་བཅོས་སྒྱུར་གྱི་དུས་རིམ་དུ་སླེབས་པའི་གནས་བབ་འོག བདག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཐུང་ལོན་དང་མཉམ་དུ། ཀྲུང་གོ་དང་ལའོ་ཝའོ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། སྲོལ་རྒྱུན་མཛའ་བཤེས་དར་སྤེལ་གཏོང་བ། བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། སྤྱི་ཚོགས་རིང་ལུགས་ལས་དོན་ལ་ཡར་སྐུལ་གཏོང་བ། ལག་རྡང་སྦྲེལ་ནས་ཀྲུང་གོ་དང་ལའོ་ཝའོ་ཡི་ལས་སྐལ་ཐུན་མོང་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། མཉམ་དུ་ས་ཁུལ་གྱི་ཞི་བདེ་གཏན་འཇགས་དང་དར་རྒྱས་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་གལ་ཆེན་འཇོག་འདོད་ཡོད། 

སྐུ་ཉིད་ཀྱིས་མགོ་ཁྲིད་ལས་གནས་གསར་བའི་སྟེང་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་ཐུབ་པའི་སྨོན་འདུན་ཞུ་ཟེར། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།