ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས་གློག་འཕྲིན་བཏང་ནས་ཁྲའོ་ཞན་ངལ་རྩོལ་ཏང་གི་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པའི་ཚེས5ཉིན། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་གློག་འཕྲིན་བཏང་ནས་ཁྲའོ་ཞན་ངལ་རྩོལ་ཏང་གི་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་པར་རྟེན་འབྲེལ་ཞུས། རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། 

ཁྲའོ་ཞན་ངལ་རྩོལ་ཏང་ནི་ཁྲའོ་ཞན་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་གི་སྒྲིག་འཛུགས་བྱེད་མཁན་དང་འགོ་ཁྲིད་པ་ཡིན། དུས་ཡུན་རིང་པོའི་ནང་། ཁྲའོ་ཞན་ངལ་རྩོལ་ཏང་གིས་མཐུན་སྒྲིལ་གྱི་ལམ་ནས་ཁྲའོ་ཞན་མི་དམངས་ལ་སྣེ་ཁྲིད་བྱས་ཏེ། ཁྲའོ་ཞན་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་སྐུལ་འདེད་བཏང་སྟེ་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུའི་ཁྲོད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད། ཉེ་བའི་ལོ་ཤས་རིང་། ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གཙོས་པའི་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་གི་སྟོབས་ལྡན་འགོ་ཁྲིད་འོག  ཁྲའོ་ཞན་ངལ་རྩོལ་ཏང་གིས་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་ཚད་མཐོའི་མཐོང་ཆེན་བྱས་པ་མ་ཟད། དམངས་འཚོའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། ཕྱིའི་ཁོར་ཡུག་ལེགས་བཅོས། ཕན་ནུས་ལྡན་པའི་ངང་ནས་རིམས་ནད་བྱུང་ཚུལ་ལ་ཁ་གཏད་འཇལ་བ་སོགས་ཀྱི་ཐད་ལ་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ལོན་ཡོད། ང་ཚོས་དེ་དོན་དུ་དགའ་པོ་བྱུང་ཡོད་ཅེས་བཤད། 

ཁྲའོ་ཞན་ངལ་རྩོལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་ནི་ཁྲའོ་ཞན་ཏང་དང་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་དག་གལ་ཆེན་ཞིག་ཡིན་པས། མ་འོངས་པའི་དུས་ཡུན་ཞིག་གི་ནང་དུ་ཁྲའོ་ཞན་ཏང་གི་འཛུགས་སྐྲུན་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་གོང་དུ་སྤེལ་བའི་ཐད་ལ་འཐབ་ཇུས་འཆར་འགོད་དང་བཀོད་སྒྲིག་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན། ཁྲའོ་ཞན་ངལ་རྩོལ་ཏང་དང་ཁྲའོ་ཞན་མི་དམངས་ཀྱིས་ཐེངས་འདིའི་ཚོགས་ཆེན་གོ་སྐབས་སུ་བཟུང་ནས། རྒྱུན་ཆད་མེད་པར་ཁྲའོ་ཞན་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་བྱ་གཞག་ལ་རྒྱལ་ཁ་གསར་པ་ལོན་པར་ཡིད་ཆེས་ཡོད། 

ཀྲུང་གོ་དང་ཁྲའོ་ཞན་གཉིས་ནི་རི་ཆུ་སྦྲེལ་བའི་མཛའ་བརྩེ་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན། ཏང་གཉིས་བར་ཡུན་རིང་ལ་མཛའ་མཐུན་འགྲོ་འོང་གི་སྲོལ་རྒྱུན་བཟང་པོ་རྒྱུན་འཁྱོངས་བྱེད་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པས་འཐབ་ཇུས་ཀྱི་མཛུབ་སྟོན་དང་སྐུ་དངོས་སུ་སྐུལ་འདེད་བཏང་བར་བརྟེན།  ཀྲུང་གོ་དང་ཁྲའོ་ཞན་བར་གྱི་འབྲེལ་བའི་ཐད་ལོ་རྒྱུས་ཀྱི་ལེ་ཚན་གསར་བ་བསླངས་ཡོད།  གནས་བབ་གསར་པའི་འོག་ཏུ་ཀྲུང་གོའི་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་ངོས་འཛིན་གཅིག་མཐུན་ཁྲིད་སྟོན་དུ་བྱས་ནས། ཀྲུང་གོ་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྲུང་སྐྱོང་ཡག་པོ་དང་། སྲ་བརྟན། གོང་འཕེལ་བཅས་བཏང་སྟེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པར་བདེ་སྐྱིད་བསྐྲུན་ནས། ས་ཁུལ་ཞི་བདེ་བརྟན་ལྷིང་དང་དར་རྒྱས་ཡོང་བར་དགེ་མཚན་ལྡན་པའི་བྱས་རྗེས་གསར་པ་འཇོག་འདོད་ཡོད་ཅེས་བསྟན་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།