ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཁང་གིས《2021ལོའི་ལུགས་གསར་དང་ལུགས་རྙིང་ལོ་གསར་སྐབས་ཀྱི་འབྲེལ་ཡོད་བྱ་བ་ལེགས་པོར་བསྒྲུབ་དགོས་པའི་སྐོར་གྱི་བརྡ་སྦྱོར》དཔར་འགྲེམ་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100འགོར་བའི་ལོ་དང་།“ལྔ་བཅུ་བཞི”འཆར་འགོད་ཀྱི་མགོ་རྩོམ་པའི་ལོ་ཡིན་པས།ལུགས་གསར་དང་ལུགས་རྙིང་ལོ་གསར་སྐབས་ཀྱི་བྱ་བ་སྣ་ཚོགས་ལེགས་པོར་བསྒྲུབ་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན།ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་།ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ།བཞི་པ།ལྔ་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ།མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱེད་པ།པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་དུས་ཆེན་སྐབས་ཀྱི་བྱ་བ་སྣ་ཚོགས་ལེགས་པོར་བསྒྲུབ་པར་གཅིག་གྱུར་འཆར་འགོད་བྱེད་པ་བཅས་བྱས་ཏེ།རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་བདེ་ཞིང་སྐྱིད་པའི་དུས་ཆེན་ཞིག་རོལ་བར་ཁག་ཐེག་བྱེད་དགོས།ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་འཐད་པ་བྱུང་བ་བརྒྱུད།འབྲེལ་ཡོད་བྱ་བའི་བརྡ་སྦྱོར་བཏང་བ་ནི་གཤམ་གསལ་ཏེ།

གཅིག རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་ལྷོད་གཡེང་སྤུ་ཙམ་མེད་པར་དམ་འཛིན་བྱེད་དགོས།རྒྱུན་རྣམ་ཅན་གྱི་གནད་ཁེལ་སྔོན་འགོག་ཚོད་འཛིན་དང་ཆ་ཤས་བྲེལ་བསྟུན་ཐག་གཅོད་བྱེད་པ་གཉིས་ནུས་ལྡན་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་དང་།ལྷོད་གཡེང་གི་བསམ་བློ་དང་ལྷོད་གཡེང་གི་རྣམ་འགྱུར་ཁྱད་དུ་བསད་དེ།“ཕྱི་ནད་ནང་མཆེད་དང་ནང་ནད་བསྐྱར་འཕར་བྱེད་པ་འགོག་པ”ཡི་བྱ་བ་དམ་པོར་བཟུང་སྟེ།“དུས་ཆེན་གཉིས”སྐབས་ཀྱི་མི་སྣ་འགྲོ་འོང་དང་འདུ་འཛོམས་ཇེ་ཉུང་དུ་གཏོང་བ་དང་།ནན་སྲུང་བརྟན་སྲུང་བྱས་ཏེ།གཞི་ཁྱོན་ཅན་གྱི་ཕྱི་མི་ནང་འཛུལ་དང་བསྐྱར་འཕར་མི་ཡོང་བར་ཁག་ཐེག་བྱེད་དགོས།“མི”དང“དངོས་པོ”མཉམ་དུ་འགོག་པ་དང་།ནང་འདྲེན་དངོས་པོར་ཐད་ཀར་འབྲེལ་གཏུག་བྱེད་ཀྱིན་པའི་མི་སྣའི་སྒེར་གྱི་འགོག་སྲུང་དང་དུས་རྒྱུན་གྱི་ཞིབ་དཔྱད་ཚད་ལེན་དང་དུས་བཅད་ལྟར་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་དགོས་པ་དང་།མི་དམངས་འདུ་འཛོམས་ཆེ་བའི་ས་ཁུལ་དུ་གཟབ་ནན་གྱི་ཁོར་ཡུག་ཞིབ་དཔྱད་ཚད་ལེན་དང་གཙང་སྦྲའི་བྱེད་ཐབས་སྤྱོད་པ་དང་།གཙོ་གནད་མི་ཚོགས་ལ“ཞིབ་དཔྱད་བྱེད་དགོས་པ་ཚང་མར་ཞིབ་དཔྱད་བྱེད་པ”དངོས་འབེབས་བྱེད་དགོས།ཚ་བརྟག་སྒོ་བསྟེན་སོགས་ཀྱི“སོ་ལྟ་ས་ཚིགས”གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་།“དུས་ཆེན་གཉིས”སྐབས་ཀྱི་སྨན་བཅོས་ཞིབ་བཤེར་དང་སྨན་ཁང་ནས་ཚོད་འཛིན་པ།རིམས་ནད་ཐག་གཅོད་སོགས་ཀྱི་བྱ་བ་ཇེ་དྲག་ཏུ་གཏོང་དགོས།བདེ་ཐང་ཐད་ཀྱི་སློབ་གསོར་ཤུགས་སྣོན་པ་དང་།མང་ཚོགས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་ཁ་ཐུམ་རྒྱག་པར་ཁྲིད་སྟོན་བྱེད་པ།སྤྱི་ཚོགས་འབྲེལ་འདྲིས་ཀྱི་བར་ཐག་དང་རྒྱུན་དུ་ལག་པ་བཀྲུ་བ་སོགས་ཀྱི་གོམས་སྲོལ་ལེགས་པོ་རྒྱུན་སྲུང་བྱེད་དགོས།

གཉིས།བརྩེ་བ་ལྡན་པའི་སྒོ་ནས་དཀའ་ཁག་ཅན་གྱི་མང་ཚོགས་ལ་ཐུགས་ཁུར་བྱེད་དགོས།སྤྱི་ཚོགས་འགན་སྲུང་ཐོབ་ཆ་དུས་ལྟར་འདང་ཚོད་ཀྱིས་སྟེར་བ་དང་།མཐིལ་རྟོགས་འགན་སྲུང་གི་བྱ་བ་དངོས་གནས་ལེགས་པོར་བསྒྲུབས་ཏེ།ཏང་དང་སྲིད་གཞུང་གི་དྲོད་ཁོལ་དེ་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་སེམས་ནང་དུ་འཇོག་དགོས།སྤྱི་ཚོགས་སྐྱོབ་རོགས་ཀྱི་ཐབས་ལམ་ཤར་གཏོང་ཡོང་བར་བྱས་ཏེ།དཀའ་ཁག་མང་ཚོགས་དང་ནང་སྒོས་སུ་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་དཀའ་ཁག་ཆེ་བའི་མང་ཚོགས་ལ“རོགས་སྐྱོར་ཡོང་རོགས་ཞུ་ས་ཡོད་པ་དང་དུས་ལྟར་རོགས་སྐྱོར”ཐོབ་ཏུ་འཇུག་དགོས།སྤྱི་ཚོགས་སྐྱོབ་རོགས་སམ་འགན་སྲུང་ཚད་གཞི་དང་དངོས་གོང་འཕར་བ་གཉིས་མཉམ་དུ་སྦྲེལ་བའི་མཉམ་འགུལ་ནང་རྐྱེན་འོས་འཚམ་སྒོས་མགོ་བརྩམས་ཏེ།དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་ཆུ་ཚད་དེ་དངོས་གོང་འཕར་བ་ལས་ཇེ་དམའ་རུ་མི་འགྲོ་བར་ཁག་ཐེག་བྱེད་དགོས།དཀའ་ཁག་ཡོད་པའི་རྒན་པ་དང་དྭ་ཕྲུག གཞིས་སྲུང་བུད་མེད་དང་བྱིས་པ།འཚོ་རྟེན་མེད་པའི་འཁྱར་འགྲིམ་སློང་མོ་བ།དབང་པོ་སྐྱོན་ཅན།སྨྱོ་ནད་ཅན་སོགས་དམིགས་བསལ་གྱི་དཀའ་ཁག་ཡོད་པའི་མང་ཚོགས་ལ་འཚམས་འདྲི་བྱེད་པ་དང་མཛའ་བརྩེའི་ཐུགས་ཁུར་བྱས་ཏེ།ཁོ་ཚོར་ཟ་མ་ཡོད་པ་དང་གྱོན་ཆས་དྲོན་པོ་ཡོད་པ།འདུག་སའི་ཁང་པ་ཡོད་པར་ཁག་ཐེག་བྱེད་དགོས།རྒུད་སྐྱོབ་མ་དངུལ་དང་དངོས་ཟོག་འགྲེམ་གཏོང་བྱེད་པ་སོགས་ཀྱི་བྱ་བ་གཅིག་གྱུར་སྒོས་ལེགས་པོར་བསྒྲུབས་ཏེ།གནོད་ཐེབས་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་འཛིན་དགོས།བཟོ་འགོད་འཛུགས་སྐྲུན་ཁྱབ་ཁོངས་དང་ངལ་རྩོལ་ལྕི་མོ་ཅན་གྱི་ལས་སྣོན་བཟོ་སྐྲུན་དང་རིམས་ནད་ཀྱི་གནོད་འཚེ་ཚབས་ཆེན་ཐེབས་པའི་ལས་རིགས་གཙོར་འཛིན་པ་དང་།གླ་ཕོགས་ཆད་འགྱངས་བྱེད་པ་རྩ་བཅོས་བྱེད་པའི་དགུན་དུས་ཀྱི་ཆེད་དམིགས་འགུལ་སྐྱོད་ཏན་ཏིག་གིས་སྤེལ་ཏེ།ཞིང་པ་ཞོར་ལས་པས་དུས་ལྟར་གླ་ཕོགས་འདང་ཚད་ལེན་ཐུབ་པར་ཁག་ཐེག་བྱེད་དགོས།

གསུམ།མང་ཚོགས་ཀྱི་དུས་ཆེན་སྐབས་ཀྱི་འཛད་སྤྱོད་དགོས་མཁོ་ཤུགས་ཆེན་པོས་བསྐང་དགོས།རྡོ་སོལ་དང་གློག་དང་སྣུམ་དང་འབར་རླངས་སོགས་ཀྱི་སྐྱེལ་འདྲེན་དང་འདོན་སྤྲོད་དགོས་མཁོར་ཞིབ་དཔྱད་ཚད་ལེན་བྱས་ཏེ།ནུས་ཁུངས་ཀྱི་འདོན་སྤྲོད་ལ་ཁག་ཐེག་དང་རིན་གོང་བརྟན་འཇགས་ཡོང་བར་འགན་སྲུང་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་པ་དང་།མི་དམངས་མང་ཚོགས་ཀྱིས་དྲོ་སྐྱིད་ལྡན་པའི་དགུན་ཁ་ཞིག་རོལ་བར་ཁག་ཐེག་བྱེད་དགོས།འབྲུ་རིགས་བདེ་འཇགས་ཀྱི་ཧྲེང་ཀྲང་འགན་འཁྲིའི་ལམ་ལུགས་དང“ཚོད་སླེ”ཡི་ཧྲི་ཀྲང་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ།ཤའི་རིགས་དང་སྔོ་ཚོད་རིགས་སོགས་ཀྱི་གསོག་འཇོག་ཚོང་རྫས་གཙོ་བོའི་དོ་དམ་ལ་ཤུགས་སྣོན་པ་དང་།འབྲུ་སྣུམ་ཤ་སྒོང་སིལ་ཏོག་འོ་མ་སོགས་ཀྱི་ཚོང་རྫས་གཙོ་བོའི་ཚོང་རའི་འདོན་སྤྲོད་དང་རིན་གོང་བརྟན་འཇགས་འཁོར་སྐྱོད་ཁག་ཐེག་བྱེད་དགོས།དུས་ཆེན་གྱི་ཁྱད་ཆོས་ལྟར་ཐོན་སྐྱེད་དང་ཕྱིར་འཚོང་སྦྲེལ་མཐུད་རྩ་འཛུགས་བྱས་ཏེ།མི་དམངས་མང་ཚོགས་ཀྱི་སྣ་མང་ཅན་གྱི་འཛད་སྤྱོད་དགོས་མཁོ་བསྐང་དགོས།ཟས་རིགས་བདེ་འཇགས་ལ་ལྟ་སྐུལ་དོ་དམ་དང་ཐོན་རྫས་ཀྱི་སྤུས་ཀར་ལྟ་སྐུལ་དོ་དམ།རིན་གོང་ལ་ལྟ་སྐུལ་དོ་དམ་བཅས་བྱེད་པར་ཤུགས་སྣོན་བྱས་ཏེ།འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་དགོས།རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང“ང་ཚོའི་ཀྲུང་གོའི་འདུན་མ”ཞེས་པའི་རིག་གནས་ཁྱིམ་ཚང་མང་པོར་སྐྱོད་པའི་བྱ་འགུལ་རྒྱ་ཁྱབ་སྒོས་སྤེལ་ཏེ།ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100འགོར་བ་དང་།ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་བགྲོད་ལམ་གསར་པ་བཏོད་པ་བཅས་ལ་དམིགས་ཏེ།མི་དམངས་མང་ཚོགས་ཀྱིས་ཉན་འདོད་ཅིང་ལྟ་བར་དགའ་བའི་སྤུས་ཚད་མཐོན་པོའི་རིག་གནས་སྒྱུ་རྩལ་ཐོན་རྫས་སྐོར་ཞིག་གསར་སྐྲུན་བྱས་ནས།དབྱངས་རྟ་གཙོ་བོ་དཀྲོལ་ཞིང་དྲང་ཕྱོགས་ཀྱི་ནུས་པ་བརྒྱུད་སྒྲོག་བྱས་ཏེ།མང་ཚོགས་ཀྱི་བསམ་པའི་རིག་གནས་དགོས་མཁོ་བསྐང་ཅི་ཐུབ་བྱེད་དགོས།སྐྱོན་བྲལ་ཡར་ཐོན་གྱི་དྲ་ཐོག་དྲ་ཕྱིའི་དུས་ཆེན་རིག་གནས་བྱ་འགུལ་མང་དུ་སྤེལ་དགོས།རིག་གནས་དང་ཡུལ་སྐོར་ཚོང་རའི་ཁྲིམས་སྐྱོང་ལ་ཤུགས་སྣོན་བྱས་ཏེ།དཔལ་ཡོན་ཡུལ་སྐོར་ལ་སྣེ་ཁྲིད་དང་སྐུལ་འདེད་གཏོང་དགོས།

བཞི།མང་ཚོགས་བདེ་འཇགས་དང་གོ་རིམ་ལྡན་པའི་སྒོ་ནས་ཕྱི་རོལ་དུ་འགྲོ་བར་འགན་སྲུང་ཅི་ཐུབ་བྱེད་དགོས།རྒྱུན་རྣམ་ཅན་གྱི་འགྲུལ་སྐྱེལ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་དམ་སྒྲུབ་དངོས་སྒྲུབ་ཞིབ་སྒྲུབ་བྱས་ཏེ།རླུང་རྒྱུག་དུག་སེལ་དང་ལུས་དྲོད་བརྟག་བཤེར།འགྲུལ་པའི་གྲངས་ཀར་ཚོད་འཛིན།འགྲུལ་པའི་ཆ་འཕྲིན་ཐོ་འགོད་བྱེད་པ་སོགས་ཀྱི་བྱེད་ཐབས་ནན་མོ་ལག་བསྟར་བྱེད་དགོས།མི་བཀོལ་སྡེ་ཁག་གིས་བྱ་བའི་དགོས་མཁོ་དང་ལས་བཟོ་པའི་འདོད་བློ་ལྟར།ངལ་གསོ་གཅིག་གྱུར་བཀོད་སྒྲིག་དང་སྐོར་ཁག་བགོས་ཏེ་འགྲོ་སྐྱོད་བྱེད་པར་ཁྲིད་སྟོན་བྱེད་དགོས།སྐྱེལ་ཤུགས་འདོན་སྤྲོད་ཇེ་དྲག་དང་སྐྱེལ་ཤུགས་བཀོད་སྒྲིག་ཇེ་ལེགས་སུ་བཏང་སྟེ།འགྲུལ་སྐྱེལ་འགྲོ་སྐྱོད་དགོས་མཁོ་བསྐང་ཅི་ཐུབ་བྱེད་དགོས།སྐྱེལ་འདྲེན་བྱེད་སྟངས་མང་པོ་ཕན་ཚུན་སྦྲེལ་མཐུད་ལེགས་པོ་བྱས་ཏེ།འགྲུལ་པ་རྣམས་ཕྱི་རོལ་དུ་འགྲོ་བའི“ཆེས་ཐོག་མ་དང་ཆེས་མཐའ་མཇུག་གི་སྤྱི་ལེ་གཅིག”ཤར་བགྲོད་ཡོང་བར་བྱེད་དགོས།ལོ་གསར་སྐབས་ཀྱི་འགྲུལ་སྐྱེལ་པ་སེ་བཙོང་བའི་བྱ་བ་རྩ་འཛུགས་བྱེད་པར་ཤུགས་སྣོན་པ་དང་།པ་སེ་ཞིབ་བཤེར་གྱི་རང་འགུལ་འཕྲུལ་ཆས་དང་བདེ་འཇགས་ཞིབ་བཤེར་ཡོ་བྱད་ཇེ་མང་དུ་གཏོང་བ།འགྲུལ་པ་བྲེལ་བ་ཅན་ལ་ལྗང་མདོག་བགྲོད་ལམ་བཏོད་པ་སོགས་བྱས་ཏེ།བདེ་འཇགས་ཞིབ་བཤེར་གྱི་ནུས་ཕྱོད་སྔར་ལས་ཇེ་མཐོར་གཏོང་དགོས།བདེ་འཇགས་རྩ་རིས་དང་གློག་རྡུལ་པ་སེ་སོགས་ཀྱི་བཀོལ་སྤྱོད་འཐུས་ཚང་དུ་བཏང་ནས།རྒན་པ་སོགས་ཀྱི་དམིགས་བསལ་མི་ཚོགས་རིག་ནུས་ཅན་གྱི་ཆ་རྐྱེན་འོག་འགྲོ་སྐྱོད་བྱེད་པའི་ཞབས་ཞུར་འགན་སྲུང་བྱེད་དགོས།ལུགས་རྙིང་ལོ་གསར་སྐབས་སུ་འགྲུལ་སྐྱེལ་རླངས་འཁོར་ཆུང་བར་འགྲོ་གླ་མི་བསྡུ་བའི་སྲིད་ཇུས་དངོས་འབེབས་ནན་མོ་བྱེད་པ་དང་།གཞུང་ལམ་ཁེགས་སེལ་དང་ཤར་བགྲོད་ཡོང་བར་འགན་སྲུང་བྱེད་པའི་བྱ་བ་ལེགས་པོར་བསྒྲུབས་ཏེ།སྐྱེལ་འདྲེན་བགྲོད་ལམ་སྟབས་བདེ་ནུས་མཐོ་ཡོང་བར་འགན་སྲུང་བྱེད་དགོས།བྲེལ་བསྟུན་ཇུས་འགོད་བཟོ་བ་དང་འཐུས་ཚང་དུ་བཏང་ནས།བཀག་གསོག་བྱས་ཡོད་པའི་ཡུལ་སྐོར་པ་དུས་ལྟར་དབོར་སྐྱེལ་བྱ་དགོས།གཞུང་ལམ་འགྲུལ་སྐྱེལ་རླངས་འཁོར་དང་ཡུལ་སྐོར་པ་སྐྱེལ་བའི་རླངས་འཁོར། ཉེན་ཁ་ལྡན་པའི་དངོས་ཟོག་སྐྱེལ་བའི་རླངས་འཁོར།ཟོང་སྐྱེལ་རླངས་འཁོར།མགྲོན་འཁོར་ཆུང་བ་སོགས་གཙོ་གནད་རླངས་འཁོར་དོ་དམ་ནན་མོ་དང་།མགྱོགས་ཚད་ལས་བརྒལ་བ་དང་ཐེག་ཚད་ལས་བརྒལ་བ།མི་གྲངས་བརྒལ་བ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་རྩད་གཅོད་ནན་མོ་བྱས་ཏེ།མང་ཚོགས་བདེ་འཇགས་ཀྱིས་འགྲོ་སྐྱོད་བྱེད་པར་ཁག་ཐེག་ནན་མོ་བྱེད་དགོས།

ལྔ། ཚད་མཐའི་བསམ་གཞིག་རྒྱུན་འཁྱོངས་བྱས་ཏེ་ཏན་ཏིག་སྒོས་བདེ་འཇགས་ཐོན་སྐྱེད་ལེགས་པོར་འཛིན་པ། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས། བདེ་འཇགས་ཐོན་སྐྱེད་གལ་ཆེ་བའི་གནས་སུ་འཇོག་པ་དང་། རིམ་པ་སོ་སོའི་འགན་འཁྲི་དངོས་གནོན་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དངོས་གནས་སྲུང་སྐྱོང་བྱེད་དགོས། ཉེན་ཆེའི་ལས་རིགས་ཁྱབ་ཁོངས་ཀྱི་ཉེན་ཁ་དོ་དམ་ཚོད་འཛིན་དམིགས་སུ་བཟུང་ནས་ལེགས་པོར་འཛིན་པ་དང་། བློ་རྩ་བརྟན་པོས་ཉེན་ཁ་ཆེ་བའི་རྡོ་སོལ་གཏེར་ཁར་བཅོས་སྐྱོང་བྱེད་པ། ཉེན་ཆེའི་རྫས་འགྱུར་དངོས་རྫས་ཀྱི་མངོན་མེད་ཉེན་ཁ་ཚབས་ཆེན་ལ་རིམ་བཤེར་གཏིང་ཟབ་བྱེད་པ། གཟབ་ནན་ངང་ཉེན་ཁའི་མགོ་ཁུངས་གལ་ཆེན་གྱི་བདེ་འཇགས་འགན་ལེན་འགན་འཁྲི་ལམ་ལུགས་དངོས་འབེབས་བྱེད་པ། ཤོག་སྦག་ཁྲིམས་འགལ་ངང་ཐོན་སྐྱེད་དང་འཛིན་ཡིག་མེད་པར་ཕྱིར་འཚོང་བྱེད་པ། ཚད་བརྒལ་གསོག་ཉར། སྒྲིག་འགལ་འགད་གཏོང་སོགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་དྲག་པོ་གཏོང་བ་བཅས་ཀྱིས། བློ་རྩ་བརྟན་པོས་དམིགས་བསལ་ཚབས་ཆེའི་དོན་རྐྱེན་འབྱུང་བ་བཀག་བྱེད་དགོས། འཛུགས་སྐྲུན་ལས་བཟོ་དང་བཟོ་གྲྭའི་ཉོ་ཚོང་། དམངས་སྤྱོད་འགད་རྫས། གྲོང་ཁྱེར་སོལ་རླངས་སོགས་ཀྱི་བདེ་འཇགས་བཅོས་སྒྲིག་གཏིང་ཟབ་ཏུ་སྤེལ་བ་དང་། ཚོང་ལས་ཕྱོགས་བསྡུས་ཅན་ཆེ་རིགས་དང་། མགྲོན་ཁང་དང་ཟ་ཁང་། གླུ་གར་རྩེད་རིགས་དང་གྲོང་ཁྱེར་ནང་ལོགས་སྡེ་བ། སྲང་འགྲམ་ཚོང་ཁང་། “མང་པོ་གཅིག་བསྡུ”སོགས་ཉེན་ཆེའི་གནས་ཡུལ་གྱི་མེ་སྐྱོན་སྔོན་འགོག་དང་ཚོད་འཛིན་གཏིང་ཟབ་ངང་སྤེལ་བ་དང་། ཡུལ་སྐོར་ལྗོངས་ཁུལ་དང་འགྲུལ་སྐྱེལ་ཐག་ལམ། རྩེད་འཇོའི་སྒྲིག་ཆས་སོགས་ཀྱི་མངོན་མེད་ཉེན་ཁའི་གྲལ་བཤེར་ལ་ཤུགས་སྣོན་པ། ལོ་བརྒལ་མཚན་མོ་དང་ཚོན་ཁྲའི་ཤོག་སྦག་དགོང་ཚོགས། གླིང་གར་རོལ་བ་དང་སྤྲོ་ཚོགས་སོགས་བྱ་འགུལ་ཆེ་རིགས་ཀྱི་བདེ་འཇགས་ཞིབ་བཤེར་ཆོག་མཆན་དང་མི་གྲངས་ལ་ལྟ་རྟོག་ནན་མོ་བྱེད་པ་དང་། དྲོད་ཚད་དམའ་བའི་གངས་ཆར་འཁྱགས་དར་སོགས་ཐལ་དྲགས་གནོད་སྐྱོན་ནམ་ཟླ་དང་ནགས་ཚལ་མེ་དགྲ་ཡི་ལྟ་རྟོག་སྔོན་བརྡ་དང་སྐབས་བསྟུན་བཀོད་སྒྲིག་ལ་ཤུགས་སྣོན་བཅས་བྱེད་དགོས།

དྲུག ཤུགས་ཡོད་རྒུས་སྤྱི་ཚོགས་སྤྱི་ཡོངས་བརྟན་བརླིང་སྲུང་སྐྱོང་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་གྱི་ཆ་རྐྱེན་འོག་སྤྱི་ཚོགས་བརྟན་བརླིང་ལ་ཤུགས་རྐྱེན་བཟོ་བའི་འབུར་ཐོན་གནད་དོན་ལ་དོ་སྣང་དམ་ཟབ་བྱས་ཏེ། གཏོགས་ཡུལ་དོ་དམ་འགན་འཁྲི་དང་མགོ་ཁུངས་བརྟན་བརླིང་ཚོད་འཛིན་བྱེད་ཐབས། སྣ་མང་ཐག་གཅོད་ནང་རྐྱེན་བཅས་ཀྱི་དངོས་འབེབས་ལ་སྐུལ་འདེད་གཏོང་བ་དང་། བརྟན་བརླིང་མིན་པའི་རྒྱུ་རྐྱེན་དང་མི་ཚོགས་རང་བཞིན་གྱི་དོན་རྐྱེན་སྣ་ཚོགས་མགོ་མ་འབུས་གོང་ཐག་གཅོད་པ་དང་གཞི་རིམ་ནས་ཐག་གཅོད་པ། རྒྱུན་རྣམ་ཅན་གྱི་སྒོ་ནས་ནག་སེལ་ངན་འཇོམས་འཐབ་རྩོད་སྤེལ་བ་དང་། མཐའ་འཁོབ་ཞིང་སྡེ་དང་མཁར་གྲོང་མཉམ་སྡེབ་ཁུལ། གྲོང་ཁྱེར་ནང་ལོགས་སྡེ་བ་སོགས་སྤྱི་ཚོགས་བདེ་སྲུང་གི་གཙོ་གནད་ས་ཁུལ་དང་གཙོ་གནད་གནས་ཡུལ། ད་དུང་རིགས་སོ་སོའི་སྤྱི་ཚོགས་བདེ་སྲུང་གི་འབུར་ཐོན་གནད་དོན་གྱི་རིམ་བཤེར་དང་དག་ཐེར་ལེགས་སྒྲིག་ལ་ཤུགས་སྣོན་པ། དྲག་ཤུགས་འཇིགས་སྐུལ་དང་མེ་མདའ་འགད་རྫས་དང་འབྲེལ་བ། མི་སྒེར་གྱི་ཐལ་ཆེའི་དྲག་ཤུགས། གློག་འཕྲིན་དྲ་བའི་མགོ་སྐོར། སྤྱི་དམངས་སྒེར་གྱི་ཆ་འཕྲིན་ལ་བཙན་འཛུལ། ནར་མ་སོན་པའི་མི་ལ་གནོད་པ་སྐྱེལ་བ། ད་དུང་རྐུ་འཕྲོག་རྫུན་དང་འཆལ་རྒྱན་དུག ཟས་སྨན་ཁོར་ཡུག་སོགས་ཀྱི་ཁྲིམས་འགལ་ནག་ཉེས་ལ་རྡུང་རྡེག་གཏིང་ཟབ་ཏུ་གཏོང་བ་དང་། སྤྱི་ཚོགས་ཕྱོགས་ཡོངས་ཀྱིས་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་པ་དང་། སྤྱི་བདེ་དང་དྲག་ཆས་ཉེན་རྟོག་པའི་མཉམ་འབྲེལ་སྐོར་སྲུང་དངོས་འབེབས་བྱེད་པ། གཙོ་གནད་དམིགས་འབེན་དང་རྨང་གཞིའི་སྒྲིག་བཀོད་གལ་ཆེན། མི་འབོར་རྫོང་མཐུག་པའི་གནས་ཡུལ་གྱི་བདེ་འཇགས་དོགས་ཟོན་ལ་ཤུགས་སྣོན་པ། མེ་མདའ་མདེལ་རྫས། བཀག་སྡོམ་གྲི་སོགས་ཀྱི་བདེ་འཇགས་ལྟ་རྟོག་དང་དོ་དམ་ལ་ཤུགས་བསྣན་ནས་བདེ་སྲུང་མངོན་མེད་ཉེན་ཁ་དུས་ལྟར་བསལ་དགོས།

བདུན། ཧུར་བརྩོན་གྲོན་ཆུང་དང་དཔལ་ཡོན་ལྡན་པའི་ངང་དུས་ཆེན་ལ་རོལ་བའི་དར་སྲོལ་གསར་པ་དར་སྤེལ་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསྲི་ཚགས་ནན་ཏན་དང་ཆུད་ཟོས་ལ་རྒོལ་བ་དང་།ནང་སྒོས་སུ་བཟའ་བཏུང་ཆུད་ཟོས་ཀྱི་བྱ་སྤྱོད་ལ་བཀག་འགོག་བྱེད་པའི་སྐོར་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་ལག་ལེན་དོན་འཁྱོལ་དང་དངོས་འབེབས་བྱས་ཏེ། “དུས་ཆེན་གཉིས”ཀྱི་དམིགས་བསལ་དུས་ཚོད་བར་མཚམས་དམ་དུ་བཟུང་ནས། དམིགས་གཏད་རང་བཞིན་གྱི་སྒོ་ནས་དྲིལ་སྒྲོག་སློབ་གསོ་ལ་ཤུགས་སྣོན་པ་དང་། སྤྱི་ཚོགས་ཡོངས་ནས་ཆུད་ཟོས་ནི་ངོ་ཚ་ཡིན་པ་དང་གྲོན་ཆུང་ནི་གཟི་བརྗིད་ཡིན་པའི་ངང་ཚུལ་བཟོ་བ། རྒྱས་སྤྲོས་རྒྱས་གཤོམ་དང་གཟབ་རྒྱས་ཆུད་ཟོས། ལག་རྟགས་གོང་ཆེན། གསོ་སྐྱོང་ཉུང་ཞིང་འདས་མཆོད་གཟབ་རྒྱས་བྱེད་པ། དཔལ་ཡོན་མིན་པའི་དུར་ཕྱགས་སོགས་གོམས་སྲོལ་མི་ལེགས་པ་མཐའ་གཅིག་ཏུ་འགོག་རྒོལ་བྱེད་པ། སྟོན་མོ་དང་འདས་མཆོད་ཀྱི་སྲོལ་ངན་སྤོང་བ་དང་། དཔལ་ཡོན་སྲོལ་བཟང་འཛུགས་པར་སྐུལ་འདེད་གཏོང་བ། བཟའ་བཏུང་འཛད་སྤྱོད་པས་སྤྱི་སྤྱོད་སྐྱོགས་སྤྱི་སྤྱོད་ཐུར་བཀོལ་བར་སྣེ་ཁྲིད་དང་། མཉམ་འཛོམས་དུས་སུ་དུས་མཚམས་བགོས་ནས་ཟས་ལ་རོལ་བའི་ལམ་ལུགས་ལག་བསྟར་བྱེད་པ། ཐེངས་གཅིག་སྤྱོད་ཀྱི་བཟའ་ཆས་ཇེ་ཉུང་དུ་གཏོང་བ་བཅས་བྱེད་དགོས། རང་རྟོགས་སྒོས་བཟའ་བཏུང་ཆུད་ཟོས་གཏོང་བ་གཏན་འགོག་བྱེད་པ་དང་། འཛད་སྤྱོད་པས་ཟ་མ་འོས་འཚམ་འདེམས་པར་སྣེ་ཁྲིད་པ། “སྡེར་མ་སྟོང་པའི་ལས་འགུལ”སྤེལ་བ། “ལྕེ་རྩེ་ཡི་ཆུད་ཟོས”སྤོང་བ། བདེ་ཐང་བདེ་འཇགས་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་པ་དང་། འབྲུ་ཆུའི་ནང་ཉ་འཛིན་པ་བཀག་སྡོམ་དང་རི་སྐྱེས་སྲོག་ཆགས་སམ་དེ་ལས་བཟོས་པའི་ཐོན་རྫས་ཉོ་ཚོང་གི་འབྲེལ་ཡོད་བླང་བྱ་ནན་ཏན་སྒོས་ལག་བསྟར་བྱེད་པ། གང་འདོད་ཀྱིས་རི་སྐྱེས་སྲོག་ཆགས་བཟའ་བའི་སྲོལ་ངན་སྤོང་བ་བཅས་བྱེད་དགོས།

བརྒྱད། བློ་བརྟན་འགྱུར་མེད་ཀྱིས་སྲོལ་གཙང་ཁྲིམས་དམ་ལ་སྐུལ་འདེད་གཏོང་བ། “སྲོལ་བཞི”ཡོ་བསྲང་དང་དར་སྲོལ་གསར་འཛུགས་གཉིས་ལ་མཉམ་དུ་སྐུལ་བ་རྒྱུན་འཁྱོངས་བྱེད་པ་དང་། ཚུལ་ལྡན་སྲོལ་གཙང་གི་དུས་ཆེན་གྱི་སྣང་ཚུལ་སྐྲུན་པ། ཀྲུང་དབྱང་གི་གཏན་འབེབས་བརྒྱད་དང་དེའི་ལག་བསྟར་ཞིབ་རྒྱས་ཀྱི་དགོངས་དོན་ནན་ཏན་སྒོས་དངོས་འབེབས་བྱེད་པ་དང་། སྤྱོད་གཙང་སྒོས་དུས་ཆེན་རོལ་བའི་སྒྲིག་ཁྲིམས་བླང་བྱ་སོ་སོ་གསལ་པོར་བཟོ་བ། གཏན་འབེབས་དང་འགལ་ནས་ཕོགས་སྣོན་དང་ཁ་གསབ། བྱ་དགའི་དངུལ། དངོས་པོ་སྟེར་བའི་གནད་དོན་ལ་བློ་རྩ་བརྟན་པོས་དག་ཐེར་ལེགས་སྒྲིག་བྱེད་པ། “སྲོལ་བཞི”ལ་རྒོལ་བའི་མིང་ཐོག་ནས་ལས་བྱེད་པ་དང་ལས་བཟོ་པའི་རྒྱུན་ལྡན་གྱི་ཕན་བདེའི་ཐོབ་སྐལ་མེད་པར་བཟོ་བའི་གནད་དོན་བཅོས་བསྒྱུར་བྱེད་པ་དང་། དུས་ཆེན་སྐབས་སུ་སྒྲིག་འགལ་གྱིས་ལེགས་སྐྱེས་དངོས་པོ་དང་སྒོར་མོ་ལེན་པ་དང་། གཞུང་དངུལ་གྱིས་ཟ་མ་ཟ་བ། སྟོན་མོ་དང་འདས་མཆོད་གཟབ་རྒྱས་སྤེལ་བ་སོགས་བག་མེད་སྐྱིད་འདོད་ཀྱི་འབུར་ཐོན་གནད་དོན་ལ་དམིགས་པ་གཏད་ནས། གནད་ཁེལ་ལྟ་རྟོག་དང་གནད་སྨིན་ཤུགས་འདོན་བྱེད་དགོས། གཞུང་དངུལ་མི་ཟ་བར་སྦྱིན་བདག་ཟ་བ་དང་སྒེར་གཉེར་ཁེ་ལས་ཀྱི་སྦྱིན་བདག་གི་ལེགས་སྐྱེས་དངོས་པོ་དང་སྒོར་མོ་ལེན་པ། སྒེར་གྱི་རླངས་འཁོར་གཞུང་ནས་གསོ་བ་སོགས་མངོན་མེད་རྒྱུད་འགྱུར་གནད་དོན་འབུར་འཇོམས་དང་གཏིང་ཟབ་སྒོས་ཞིབ་བཤེར་བྱེད་དགོས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དང་། དམངས་འཚོ་འགན་སྲུང་། རོགས་སྐྱོར་སྐྱོབ་རེས། བདེ་འཇགས་ཐོན་སྐྱེད། སྲིད་དོན་ཞབས་ཞུ། སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་། རིམས་ནད་སྔོན་འགོག་དང་ཚོད་འཛིན། གནོད་སྐྱོན་ལ་ལྟ་ཞིབ་ཚད་ལེན་བྱེད་པ་དང་སྔོན་བརྡ་གཏོང་བ། སྐབས་བསྟུན་བཀོད་སྒྲིག་སོགས་ཀྱི་ཕྱོགས་ནས་འགན་མི་འཁུར་བ་དང་བྱ་བ་མི་སྒྲུབ་པ། བྱ་བ་ལོག་སྒྲུབ་བྱེད་པ། བྱ་བ་ཟོལ་སྒྲུབ་བྱེད་པ་སོགས་ཀྱི་གནད་དོན་བློ་རྩ་བརྟན་པོས་ཡོ་བསྲང་བྱེད་པ་དང་། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་དང་དར་སྲོལ་ངན་པར་དག་ཐེར་ལེགས་སྒྲིག་བྱེད་པར་ཤུགས་རྒྱག་དགོས། གང་འདོད་ཀྱིས་འོག་རིམ་པར་ལས་འགན་བཀོད་སྒྲིག་བྱེད་པ་དང་། རྒྱུ་ཆ་དང་རེའུ་མིག་ལེན་པ། མཉམ་འདུས་ཀྱིས་རྟོག་ཞིབ་བྱེད་པ་དང་གང་འདོད་ཀྱིས་ལས་བྱེད་པ“ཆུ་ཚོད24ལ་ལས་གནས་སུ་ཡོད་པ”ཡི་བླང་བྱ་འདོན་པ་སོགས་གཞི་རིམ་ལ་འགན་འཁྲི་ལྗིད་མོ་དཀྲི་བའི་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་ནན་ཏན་སྒོས་ཞིབ་བཤེར་ཐག་གཅོད་བྱེད་དགོས། སྐབས་བརྗེའི་སྒྲིག་ཁྲིམས་ཀྱི་བླང་བྱ་ནན་མོ་བཟོས་ནས། འདེམ་ཤོག་འཕེན་སྐུལ་དང་གསུག་བྱིན་ངོ་བརྒྱུད་ཀྱིས་འདེམ་དུ་འཇུག་པ་དང་། དཔོན་གནས་རག་ཐབས་བྱེད་པ། ངོ་དགའ་དང་བརྡ་གཏོང་བ་སོགས་ཀྱི་བྱ་སྤྱོད་ལ་ལྟ་སྐུལ་དང་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས། དོ་དམ་ནན་མོ་དང་གཅེས་སྐྱོང་ཆེན་པོ་གཉིས་ཟུང་འབྲེལ་དང་། སྐུལ་ལྕག་དང་ཚད་བཀག་མཉམ་བཟོ་བྱེད་པ། ལས་བྱེད་པས་འགན་འཁུར་པ་དང་བྱ་བ་སྒྲུབ་པར་སྐུལ་ལྕག་གཏོང་བའི་བྱེ་བྲག་གི་བྱེད་ཐབས་ཞིབ་ཚགས་སྒོས་དངོས་འབེབས་བྱེད་པར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས། གཞི་རིམ་ལས་བྱེད་པ་དང་ལྷག་པར་དུ་དབུལ་ཐར་འགག་སྒྲོལ་གྱི་ལས་ཡུལ་དང་པོར་འཐབ་རྩོད་བྱེད་བཞིན་པའི་བློ་མཐུན་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ། “སྤྱི་མཐུན་རྒྱལ་ཁབ་ཀྱི་གཟེངས་རྟགས”དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་དང་གཞུང་དོན་དུ་ཚེ་ལས་འདས་པའི་ལས་བྱེད་པའི་ཁྱིམ་མི་ལ་འཚམས་འདྲི་དང་བདག་སྐྱོང་རོགས་སྐྱོར། ཡུན་རིང་རོགས་སྐྱོར་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་པ། ཏང་ནང་གི་སྐུལ་ལྕག་དང་སེམས་ཁུར། རོགས་རེས་ལ་ཤུགས་སྣོན་པ་བཅས་ཀྱིས། ཏང་ཡོན་དང་ལས་བྱེད་པ་སོགས་ལ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་དྲོད་ཁོལ་ཚོར་དུ་འཇུག་དགོས།

དགུ ནན་ཏན་གྱིས་འགན་ཁུར་ནས་སྐབས་བསྟུན་ལས་རེས་བྱ་བ་ལེགས་པོར་སྒྲུབ་པ། ལས་གནས་འགན་འཁྲི་ལམ་ལུགས་དངོས་འབེབས་བྱས་ནས། ཆུ་ཚོད24ལ་ཆེད་དོན་མི་སྣས་ལས་རེས་དང་མགོ་ཁྲིད་ལས་བྱེད་པ་ལས་གནས་སུ་བསྡད་ནས་དོ་དམ་བྱེད་པ། ཕྱིར་བསྐྱོད་ཐོ་འགོད་དང་སྙན་སེང་ཞུ་བའི་ལམ་ལུགས་ནན་ཏན་གྱིས་ལག་བསྟར་བྱས་ཏེ། དུས་ཆེན་སྐབས་སུ་བྱ་བ་སོ་སོ་རྒྱུན་ལྡན་འཁོར་སྐྱོད་བྱེད་པར་ཁག་ཐེག་བྱེད་པ་དང་། སྐབས་བབ་ཀྱི་གནས་ཚུལ་ཚབས་ཆེན་དང་ལྷག་པར་དུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་གློ་བུར་བྱུང་བའི་གནས་ཚུལ་དང་འཕྲད་དུས། དུས་ཚོད་དང་པོའི་ནང་བཀའ་འདྲི་སྙན་སེང་ཞུ་དགོས་པར་མ་ཟད།དུས་ཐོག་ཏུ་སྐབས་བསྟུན་ཐག་གཅོད་བྱེད་ཐབས་ལག་བསྟར་བྱེད་དགོས། སྐབས་བསྟུན་འཆར་གཞི་འཐུས་ཚང་དུ་གཏོང་བ་དང་སྐབས་བསྟུན་སྦྱོང་བརྡར་ཇེ་དྲག་ཏུ་གཏོང་བ། སྐབས་བསྟུན་གྲ་སྒྲིག་ལེགས་པོ་བྱེད་པ། དུས་ཚོད་དང་པོའི་ནང་ཁ་གཏད་འཇལ་བ་དང་མགྱོགས་མྱུར་ངང་ཐག་གཅོད་ནུས་ལྡན་ཐུབ་པར་ཁག་ཐེག་བྱེད་པ། ཐད་ཀར་མང་ཚོགས་ཀྱི་སྡེ་ཁག་ལ་ཞབས་ཞུ་བྱེད་པ། དུས་ཆེན་སྐབས་ཀྱི་ལས་རེས་འགན་སྒྲུབ་ལ་བཀོད་སྒྲིག་ལེགས་པོ་བྱེད་པ་བཅས་ཀྱིས་ཞབས་ཞུའི་སྤུས་ཚད་ཁག་ཐེག་བྱེད་དགོས།

ས་གནས་སོ་སོ་དང་སྡེ་ཁག་སོ་སོས“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་བ། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ། ལས་བགོས་བཀོད་སྒྲིག་ཚགས་དམ་བྱེད་པ་བཅས་ཀྱིས། བརྡ་ཐོ་འདིའི་དགོངས་དོན་དངོས་འབེབས་དོན་འཁྱོལ་ཡོང་བར་ཁག་ཐེག་བྱེད་དགོས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།