ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་བཀའ་ཁྱབ་དང་པོའི་སྟེང་མཚན་བཀོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་བཞི་ཉིན།   ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་བཀའ་ཁྱབ་དང་པོའི་སྟེང་མཚན་བཀོད་དེ་དམག་ཡོངས་ལ་སྦྱོང་བརྡར་སྐུལ་སློང་བཀའ་ཁྱབ་བཏང་།    བཀའ་ཁྱབ་ཧྲིལ་བོའི་ནང་དོན་གཤམ་གསལ་ལྟར།

ཉིས་སྟོང་ཉེར་གཅིག་ལོར།   དམག་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་།  ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དགོངས་པ་དང་དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས།   ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་དམག་དོན་སྦྱོང་བརྡར་གྲོས་ཚོགས་ཀྱི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་བྱེད་པ།   ཏང་གིས་དམག་དོན་སྦྱོང་བརྡར་བྱ་བའི་འགོ་ཁྲིད་ལ་ཤུགས་སྣོན་པ།  དམག་འཐབ་གྲ་སྒྲིག་གཅིག་བསྡུས་བྱེད་པ།   དམག་དོན་སྦྱོང་བརྡར་ཚུལ་བསྒྱུར་ལ་སྐུལ་འདེད་ནན་མོ་གཏོང་བ།   དམག་དོན་སྦྱོང་བརྡར་མ་ལག་གསར་པ་འཛུགས་སྐྲུན་བྱེད་པ་བཅས་བྱས་ནས་སྦྱོང་བརྡར་དངོས་འཐབ་ཅན་གྱི་ཆུ་ཚད་དང་རྒྱལ་ཁ་ལེན་པའི་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་དགོས།

དངོས་འཐབ་དངོས་སྦྱོང་ཇེ་དྲག་ཏུ་བཏང་སྟེ་འཐབ་འཁྲུག་གིས་སྦྱོང་བརྡར་ལ་སྣེ་ཁྲིད་བྱེད་པ་དང་།  སྦྱོང་བརྡར་གྱིས་འཐབ་འཁྲུག་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་།   དམག་འཁྲུག་དང་དམག་འཐབ་ཀྱི་གནད་དོན་ཞིབ་འཇུག་ལ་ཤུགས་སྣོན་པ།  དངོས་ཡོད་གྱོད་དཔེ་ཅན་དང་འགྲན་རྒོལ་རང་བཞིན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་པ།   མཁོ་བསྟུན་དམག་འཐབ་ཀྱི་ཆེད་དོན་སྦྱོང་བརྡར་ལ་ཤུགས་སྣོན་པ།  དམག་དོན་འཐབ་རྩོད་ཀྱི་འཐབ་ཕྱོགས་དང་པོའི་དམག་དཔུང་སྦྱོང་བརྡར་ལ་ཤུགས་སྣོན་པ།   དམག་འཐབ་དང་སྦྱོང་བརྡར་ཟུང་འབྲེལ་ནན་མོ་བྱེད་པར་སྐུལ་འདེད་གཏོང་བ།    དམག་འཐབ་དང་སྦྱོང་བརྡར་གཞི་གཅིག་ཅན་མངོན་འགྱུར་བྱེད་པ་བཅས་བྱས་ནས་དུས་ནམ་ཡང་དམག་འཐབ་ལ་གྲ་སྒྲིག་བྱེད་པ་དང་།  ནམ་ཡང་དམག་འཐབ་བྱེད་ཐུབ་པར་འགན་སྲུང་བྱེད་དགོས།

མཉམ་འཐབ་མཉམ་སྦྱོང་གཏིང་ཟབ་ཏུ་བཏང་སྟེ་མཉམ་འབྲེལ་སྦྱོང་བརྡར་གྱིས་དམག་མིའི་སྦྱོང་བརྡར་ལ་སྣེ་ཁྲིད་བྱེད་པ་དང་།   དམག་མིའི་སྦྱོང་བརྡར་གྱིས་མཉམ་འབྲེལ་སྦྱོང་བརྡར་ལ་འདེགས་སྐྱོར་བྱེད་པ་རྒྱུན་འཁྱོངས་བྱེད་པ།   སྤྱི་ཡོངས་རང་བཞིན་གྱི་གནད་དོན་གཙོ་བོའི་ཞིབ་འཇུག་སྦྱོང་བརྡར་འབུར་དུ་ཐོན་པར་བྱེད་པ།   ཁྱབ་ཁོངས་དང་དཔོན་རིགས་བརྒལ་བའི་ཆེད་དོན་སྦྱོང་བརྡར་འབུར་དུ་ཐོན་པར་བྱེད་པ།  དམག་སྒར་གྱི་མཉམ་འབྲེལ་སྦྱོང་བརྡར་འབུར་དུ་ཐོན་པར་བྱེད་པ་བཅས་བྱས་ནས།  རང་རེའི་དམག་དཔུང་གི་ཁྱད་ལྡན་མཉམ་འབྲེལ་སྦྱོང་བརྡར་མ་ལག་འཕེལ་རྒྱས་སུ་གཏོང་དགོས་པ་དང་།   གཞི་གཅིག་ཅན་གྱི་མཉམ་འབྲེལ་དམག་འཐབ་ནུས་པ་མྱུར་དུ་མཐོར་འདེགས་གཏོང་དགོས།

ཚན་རྩལ་གྱིས་སྦྱོང་བརྡར་ལ་ཤུགས་སྣོན་རྒྱུ་གཏིང་ཟབ་ཏུ་སྤེལ་བ་དང་ །  ཚན་རྩལ་ནུས་པ་ཇེ་དྲག་ཏུ་གཏོང་རྒྱུ་ནི་འཐབ་རྩོད་ནུས་པ་གཙོ་བོའི་དགོས་མཁོ་ཡིན་པ་དང་།   དེང་རབས་ཚན་རྩལ་ལ་ཤུགས་སྣོན་པ་དང་། ལྷག་པར་དུ་དམག་དོན་ལག་རྩལ་མཐོ་བའི་ཤེས་བྱར་སློབ་སྦྱོང་བྱེད་རྒྱུར་ཤུགས་སྣོན་པ།    སྒྲིག་ཆས་གསར་པ་དང་སྟོབས་ཤུགས་གསར་པ།  ཁྱབ་ཁོངས་གསར་པའི་སྦྱོང་བརྡར་བཅས་ལ་ཤུགས་སྣོན་པ་དང་།    དམག་འཐབ་མ་ལག་གི་སྦྱོང་བརྡར་འདྲེས་པར་བྱེད་པ།   ལད་ཟློས་ཅན་དང་དྲ་རྒྱ་ཅན།   འགྲན་རྒོལ་རང་བཞིན་གྱི་བྱེད་ཐབས་འཛུགས་སྐྲུན་ལ་ཤུགས་སྣོན་པ།    ཚན་རྩལ་དང་དྲ་རྒྱ་མཉམ་བསྲེས་སོགས་ཀྱི་སྦྱོང་བརྡར་བྱེད་ཐབས་འཚོལ་ཞིབ་བྱས་ནས་སྦྱོང་བརྡར་ཁྲོད་ཀྱི་ཚན་རྩལ་འདུས་ཚད་མཐོར་འདེགས་གཏོང་དགོས།

ཁྲིམས་ལྟར་སྦྱོང་བརྡར་བྱེད་རྒྱུ་གཏིང་ཟབ་ཏུ་སྤེལ་བ་དང་།   སྦྱོང་བརྡར་དོ་དམ་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ།   སྦྱོང་བརྡར་གྱི་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་པ།   སྦྱོང་བརྡར་གྱི་ཁྲིམས་སྲོལ་ཚད་གཞི་འཐུས་ཚང་དུ་གཏོང་བ།    སྦྱོང་བརྡར་གྱི་ནང་དོན་དང་བྱེད་ཐབས་གསར་སྐྲུན་བྱེད་པ།   རྩ་དོན་ལྟར་སྦྱོང་བརྡར་ནན་མོ་བྱེད་པ།   སྦྱོང་བརྡར་གྱི་ལྟ་སྐུལ་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པ།   སྦྱོང་བརྡར་དཔྱད་ཞིབ་གདེང་འཇོག་མ་ལག་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་བ།   སྦྱོང་བརྡར་གྱི་བདེ་འཇགས་འགོག་སྲུང་དམ་འཛིན་བྱས་ནས་སྦྱོང་བརྡར་ནན་མོ་བྱེད་པ་དང་།  ཚན་རིག་ལྟར་སྦྱོང་བརྡར་བྱེད་པ།  བདེ་འཇགས་ངང་སྦྱོང་བརྡར་བྱེད་པ་བཅས་གཅིག་གྱུར་བྱེད་རྒྱུ་མངོན་འགྱུར་བྱེད་དགོས།

དམག་ཡོངས་ཀྱི་འཐབ་མོ་བ་དག་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཇུས་ཆོད་མཛུབ་སྟོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་།    དཀའ་ངལ་ལ་མི་སྐྲག་པ་དང་རང་སྲོག་ཤོར་བར་མི་སྐྲག་པའི་འཐབ་རྩོད་སྙིང་སྟོབས་དར་སྤེལ་གཏོང་བ།    སྦྱོང་བརྡར་སྤྱོད་ཚུལ་ལེགས་བཅོས་བྱེད་པ།   འཐབ་རྩོད་ཀྱི་སྙིང་སྟོབས་སྦྱོང་བརྡར་བྱེད་པ་བཅས་བྱས་ནས།   བློ་བརྟན་འགྱུར་མེད་ཀྱིས་ཏང་དང་མི་དམངས་ཀྱིས་གནང་བའི་དུས་རབས་གསར་པའི་འགན་འཁྲི་ཡོངས་འགྲུབ་བྱེད་དགོས་པ་དང་།  གྲུབ་འབྲས་བཟང་བོས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་བསུ་མ་བྱེད་དགོས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།