ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨ་ཀན་ཐིན་གྱི་ཙུང་ཐུང་ཧྥེ་ཨར་ནན་ཏི་སི་གཉིས་ཀྱིས་ཕན་ཚུན་ལ་འཕྲིན་ཡིག་སྤྲིངས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིན་འགའི་སྔོན་ལ་ཨ་ཀན་ཐིན་གྱི་ཙུང་ཐུང་ཧྥེ་ཨར་ནན་ཏི་སི་དང་ཕན་ཚུན་འཕྲིན་ཡིག་སྤྲིངས་རེས་བྱས་ཏེ། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པར་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་དང་རིམས་འགོག་བཅས་ཀྱི་ཁྱབ་ཁོངས་ཐད་མཉམ་ལས་བྱེད་པར་བསམ་ཚུལ་བརྗེ་རེས་བྱས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྐུ་ཞབས་ལགས་ཀྱིས་ཙུང་ཐུང་གི་འགན་འཁུར་བ་ནས་བཟུང་ང་ཚོས་ཐེངས་མང་པོར་ཁ་པར་གྱི་ལམ་ནས་ཕན་ཚུན་འབྲེལ་གཏུག་བྱས་ཏེ། ཀྲུང་གོ་དང་ཨ་ཀན་ཐིན་བར་གྱི་འབྲེལ་བ་ཇེ་ཟབ་དང་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཁྱབ་ཁོངས་ཐད་ཐུན་མོང་གི་ལྟ་ཚུལ་གཅིག་མཐུན་ཡོང་བར་ཤུགས་སྣོན་བརྒྱབ་ལ། པྲོག་གསར་གློ་ཚད་ཀྱི་རིམས་ནད་ཀྱིས་འཛམ་གླིང་ཧྲིལ་བོར་ཚོད་བགམ་ཐེངས་གཅིག་བྱས་པ་རེད། ཀྲུང་གོ་དང་ཨ་ཀན་ཐིན་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་རིམས་ནད་ཐད་དཀའ་ངལ་མཉམ་སེལ་དང་སོ་སྲུང་རོགས་རེས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་འབྲེལ་བ་དེ་རིམས་ནད་འགྲམ་རྩོད་ཁྲོད་སྔར་ལས་ཇེ་ལེགས་སུ་གྱུར་བ་དང་། ཀྲུང་གོ་ཕྱོགས་ཀྱིས་ཨ་ཀན་ཐིན་དང་མཉམ་དུ་རིམས་ནད་འགོག་སྨན་གསར་སྤེལ་དང་བེད་སྤྱོད་ཐད་མཉམ་ལས་བྱ་འདོད་ཡོད་ལ། ད་དུང་མུ་མཐུད་དུ་ཨ་ཀན་ཐིན་ཕྱོགས་ལ་རིམ་ནད་སྔོན་འགོག་ཐད་ནུས་པ་ཡོད་དགུ་བཏོན་ནས་རོགས་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཨ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་འཕེལ་རྒྱས་ཐད་མཐོང་ཆེན་བླ་མེད་བྱེད་བཞིན་ཡོད་པ་མ་ཟད། ཨ་ཀན་ཐིན་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཐུན་མོང་ཐོག“རྒྱུད་གཅིག་ལམ་གཅིག”གི་ཚད་མཐོའི་མཉམ་ལས་དང་། མིའི་རིགས་ཀྱི་ཐུན་མོང་གི་ལས་དབང་གཅིག་མཐུན་འདུས་གྲུབ་ཡོང་བར་སྐུལ་འདེད་བྱེད་པ། ཕྱོགས་ཡོངས་ནས་ཀྲུང་ཨ་རྒྱལ་ཁབ་བར་འཐབ་ཇུས་མཉམ་ལས་འབྲེལ་བ་རྒྱུན་མཐུད་དང་གཏིང་ཟབ་སྒོས་གོང་སྤེལ་དུ་གཏོང་རྒྱུ་བཅས་ཡིན།

ཧྥེ་ཨར་ནན་ཏི་སི་ཡིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་དང་ཀྲུང་གོའི་རིམས་འགོག་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོན་པོ་བྱས་པ་མ་ཟད་ཀྲུང་གོ་ཕྱོགས་ཀྱིས་ཨ་ཀན་ཐིན་ལ་རིམས་ནད་སྔོན་འགོག་ཐད་རོགས་སྐྱོར་མི་དམན་བྱས་པར་ཐུགས་རྗེ་ཆེ་ཞུས། ཧྥེ་ཨར་ནན་ཏི་སི་ཡིས་བསྟན་དོན། རིམས་ནད་ཀྱི་མདུན་དུ་རྒྱལ་ཁབ་ཚང་མ་མཐུན་སྒྲིལ་དམ་ཟབ་དང་། ཕན་ཚུན་བརྩི་བཀུར། ཕན་ཚུན་རོགས་རེས་བཅས་བྱས་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ཐུན་མོང་གི་ལས་དབང་གཅིག་མཐུན་འདུས་གྲུབ་ཡོང་བར་འབད་བརྩོན་བྱེད་དགོས། ཀྲུང་གོས་དུས་ལྟར་དབུལ་ཐར་འགག་སྒྲོལ་གྱི་དམིགས་འབེན་མངོན་འགྱུར་བྱུང་བ་མ་ཟད། ཚན་རྩལ་གྱི་ཁྱབ་ཁོངས་སུ་ཁྱད་དུ་འཕགས་པའི་གྲུབ་འབྲས་མང་པོ་བླངས་ཏེ། ཀྲུང་གོའི་མི་དམངས་དང་མིའི་རིགས་ལ་བདེ་སྐྱིད་དང་ཕན་ཁེ་མྱངས་སུ་བཅུག “རྒྱུད་གཅིག་ལམ་གཅིག”གི་གྲོས་གཞི་དེས་རྒྱལ་ཁབ་གཉིས་བར་ཕན་ཚུན་འབྲེལ་མཐུད་དང་ཕན་ཚུན་རྒྱུས་ལོན་བྱེད་པར་ནུས་པ་གལ་ཆེན་ཐོན་ལ། ཨ་ཀན་ཐིན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རིམས་ནད་འགོག་སྨན་གསར་སྤེལ་བྱེད་པ་སོགས་ཀྱི་ཁྱབ་ཁོངས་ཐད་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁྱོན་ཡོངས་ནས་ཨ་ཀྲུང་རྒྱལ་ཁབ་གཉིས་བར་འཐབ་ཇུས་མཉམ་ལས་འབྲེལ་བ་མུ་མཐུད་ནས་གོང་སྤེལ་དུ་གཏོང་རྒྱུ་ཡིན་ཞེས་བསྟན། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།