ཀྲུང་གོ་བོད་ཀྱི་དྲ་བ།

བདེན་འཚོལ་དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་དགོས་ཞེས་པ་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉིས་སྟོང་ཉེར་གཅིག་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་པར་སྐྲུན་བྱས་པའི་ད་ལོའི་བདེན་འཚོལ་དུས་དེབ་འདོན་ཐེངས་དང་པོའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིས་སྟོང་བཅུ་བདུན་ལོའི་ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན་མཉམ་འབྲེལ་རྒྱལ་ཚོགས་རི་ནེ་བའི་སྤྱི་ཁྱབ་པུའུ་ནས་གནང་བའི་གསུང་བཤད་དེ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་དགོས་ཞེས་པ་བཀོད།

རྩོམ་ཡིག་ནང་བསྟན་དོན། མིའི་རིགས་ནི་འཕེལ་རྒྱས་ཆེན་པོ་དང་སྒྱུར་བཅོས་ཆེན་པོ། ལེགས་སྒྲིག་ཆེན་པོའི་དུས་སྐབས་སུ་གནས་ཡོད་པ་དང་། འགྲན་རྩོད་མང་ཞིང་ཉེན་ཁ་ཉེན་རེར་ཇེ་མང་དུ་འགྲོ་བའི་དུས་རབས་སུ་གནས་ཡོད། འཛམ་གླིང་ལ་ཅི་ཞིག་བྱུང་བ་དང་ང་ཚོས་ཇི་ལྟར་བསྒྲུབ་དགོས་པ་ནི་འཛམ་གླིང་ཡོངས་ཀྱིས་བསམ་གཞིགས་གཏོང་དགོས་པའི་གནད་དོན་ཞིག་ཡིན་ལ། ང་རང་ཉིད་ཀྱིས་ཀྱང་གནད་དོན་དེ་ལ་བསམ་གཞིགས་གཏོང་བཞིན་ཡོད། ཞི་བདེ་ཡི་དཔལ་འབར་མི་རབས་ནས་མི་རབས་ལ་བརྒྱུད་སྤྲོད་བྱེད་པ་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་བ། དཔལ་ཡོན་གྱི་འོད་སྣང་ནམ་ཡང་བཀྲག་མདངས་མཚེར་དུ་འཇུག་རྒྱུ་ནི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་རེ་བ་ཡིན་པ་དང་། ང་ཚོ་དུས་རབས་འདིའི་ཆབ་སྲིད་པ་རྣམས་ཀྱི་ཕྲག་ཏུ་བབས་པའི་འགན་འཁྲི་ཡང་ཡིན། ཀྲུང་གོའི་ཇུས་གཞི་ནི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པ་དང་མཉམ་རྒྱལ་མཉམ་སྤྱོད་མངོན་འགྱུར་བྱེད་རྒྱུ་དེ་ཡིན།

རྩོམ་ཡིག་ནང་བསྟན་དོན། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པའི་གནད་འགག་ནི་འགུལ་སྐྱོད་བྱེད་པར་རག་ལས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གྲོགས་པོའི་འབྲེལ་བ་དང་བདེ་འཇགས་ཀྱི་རྣམ་པ། དཔལ་འབྱོར་འཕེལ་རྒྱས། དཔལ་ཡོན་བརྗེ་རེས། སྐྱེ་ཁམས་འཛུགས་སྐྲུན་སོགས་ཕྱོགས་སུ་འབད་བརྩོན་བྱེད་དགོས། གླེང་མོལ་དང་གྲོས་མོལ་རྒྱུན་འཁྱོངས་བྱས་ཏེ་ཡུན་རིང་ཞི་བདེ་ཡོང་བའི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་དགོས། མཉམ་སྐྲུན་མཉམ་སྤྱོད་རྒྱུན་འཁྱོངས་བྱས་ཏེ་ཡོངས་ཁྱབ་ཏུ་བདེ་འཇགས་ཡིན་པའི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་དགོས། མཉམ་ལས་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ཏེ་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བའི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་དགོས། བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་སྒོ་འབྱེད་བཟོད་སྒོམ་གྱི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་དགོས། ལྗང་མདོག་ཐན་ཉུང་རྒྱུན་འཁྱོངས་བྱས་ཏེ་དག་གཙང་དང་མཛེས་སྡུག་གི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། འཛམ་གླིང་བཟང་ན་ཀྲུང་གོ་བཟང་བ་དང་། ཀྲུང་གོ་བཟང་ན་འཛམ་གླིང་སྔར་ལས་བཟང་། མ་འོངས་པར་ཁ་ཕྱོགས་ཏེ། ཀྲུང་གོས་འཛམ་གླིང་གི་ཞི་བདེར་སྲུང་སྐྱོབ་བྱེད་པའི་ཆོད་སེམས་ལ་འགྱུར་བ་མེད་པ་དང་། ཀྲུང་གོས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་ཆོད་སེམས་ལ་འགྱུར་བ་མེད་ལ། ཀྲུང་གོས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཆོད་སེམས་ལ་འགྱུར་བ་མེད་པ་དང་། ཀྲུང་གོས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་ཆོད་སེམས་ལ་འགྱུར་བ་མེད།

རྩོམ་ཡིག་ནང་བསྟན་དོན། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པ་ནི་མཛེས་པའི་དམིགས་འབེན་ཞིག་ཡིན་པ་དང་། མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ན་ད་གཟོད་མངོན་འགྱུར་བྱེད་ཐུབ་པའི་དམིགས་འབེན་ཞིག་ཀྱང་ཡིན། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ཆེའི་ཁོངས་གཏོགས་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་དང་ལས་ཁུངས་བཅས་དང་མཉམ་དུ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པའི་རླབས་ཆེན་འཕེལ་རིམ་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།