ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཇར་མན་དང་ཧྥ་རན་སི། ཡོ་རོབ་གླིང་མནའ་འབྲེལ་བཅས་ཀྱི་མགོ་ཁྲིད་པ་དང་མཉམ་དུ་བརྙན་རིས་གྲོས་མོལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན་གྱི་དགོང་མོར་པེ་ཅིང་ནས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་བཅས་དང་བརྙན་རིས་གྲོས་མོལ་མཛད་པ་དང་། ཀྲུང་གོ་དང་ཡོ་རོབ་གླིང་གི་མགོ་ཁྲིད་པས་མཉམ་དུ་ཀྲུང་གོ་དང་ཡོ་རོབ་གླིང་གི་དངུལ་གཏོང་གྲོས་ཆོད་འགོད་པའི་གྲོས་མོལ་དུས་ལྟར་ཡོངས་འགྲུབ་བྱེད་རྒྱུ་ཁྱབ་སྒྲོག་བྱས། 

ཞི་ཅིན་ཕིང་གིས་བསྟན་དོན། ཉིས་སྟོང་ཉི་ཤུ་ལོར་འཛམ་གླིང་ཡོངས་དང་ཀྲུང་གོ་དང་ཡོ་རོབ་གླིང་ཕྱོགས་གཉིས་གང་ཡིན་ཡང་དམིགས་བསལ་གྱི་ལོ་ཞིག་ཡིན་ཞིང་། པྲོག་གསར་གློ་ཚད་རིམས་ནད་དེ་འཛམ་གླིང་ཡོངས་ནས་རྒྱ་ཡན་དུ་སོང་བ་དང་འཛམ་གླིང་གི་ལོ་བརྒྱའི་ནང་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་མོར་འཕྲད་ཡོད་ལ། ངེས་གཏན་མེད་པའི་རྒྱུ་རྐྱེན་སྔར་ལས་ཇེ་མང་ནས་ཇེ་མང་རེད། གནས་ཚུལ་འདི་འདྲའི་འོག ཀྲུང་གོ་དང་ཡོ་རོབ་གླིང་གིས་དཀའ་སྡུག་གདོང་གིས་བསུ་བ་དང་དཀའ་སྤྱད་འབད་བརྩོན་བྱས་ནས་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད། ཕྱོགས་གཉིས་ཀྱིས་དུས་ལྟར་ཀྲུང་གོ་དང་ཡོ་རོབ་གླིང་གི་དངུལ་གཏོང་གྲོས་ཆོད་འགོད་པའི་གྲོས་མོལ་མངོན་འགྱུར་བྱེད་པའི་སྔོན་གྱི་དམིགས་འབེན་ཡོངས་འགྲུབ་བྱེད་པར་དོ་མཉམ་དང་ཆུ་ཚད་མཐོ་བ། གཉིས་ཕན་གཉིས་རྒྱལ་ཡིན་པའི་དངུལ་གཏོང་གྲོས་ཆོད་ཅིག་བཀོད་ཡོད་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་དང་ཡིད་ཆེས་མངོན་པར་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་གི་ཕན་ཚུན་དངུལ་གཏོང་ཐད་སྔར་ལས་ཆེ་བའི་ཚོང་རའི་ཟབ་ཞུགས་ཆོག་མཆན་དང་ཆུ་ཚད་སྔར་ལས་མཐོ་བའི་ཚོང་གཉེར་ཁོར་ཡུག སྟོབས་དང་ལྡན་པའི་ལམ་ལུགས་འགན་སྲུང་། འོད་གསལ་གྱི་མཉམ་ལས་མདུན་ལྗོངས་བཅས་འདོན་སྤྲོད་བྱེད་པ་དང་། ཤུགས་ཆེན་པོས་རིམས་ནད་ཤུགས་རྐྱེན་འོག་གི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོར་སྐུལ་ཁྲིད་བྱེད་པ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དང་རང་དབང་ཉོ་ཚོང་གི་ཡིད་ཆེས་ཇེ་དྲག་ཏུ་བཏང་སྟེ། སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་པར་ཀྲུང་གོ་དང་ཡོ་རོབ་གླིང་གི་ཚོང་ར་ཆེན་མོ་གཉིས་ཀྱི་བྱས་རྗེས་གལ་ཆེན་འཇོག་དགོས་ཞེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་པར་འབད་འབུངས་བྱེད་བཞིན་ཡོད་པ་དང་། ཡོ་རོབ་གླིང་དང་འཛམ་གླིང་ལ་སྔར་ལས་མང་བའི་ཚོང་རའི་གོ་སྐབས་འདོན་སྤྲོད་དང་སྔར་ལས་ཆེ་བའི་མཉམ་ལས་བར་སྟོང་གསར་བསྐྲུན་བྱེད་རྒྱུ་ཡིན། ཡོ་རོབ་གླིང་ཕྱོགས་ཀྱིས་རང་དབང་ཉོ་ཚོང་དང་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་དངུལ་གཏོང་མཁན་ལ་སྒོ་འབྱེད་དང་འདྲ་མཉམ། མཐོང་ཆུང་མེད་པའི་ཚོང་གཉེར་ཁོར་ཡུག་ཅིག་བསྐྲུན་པའི་རེ་བ་ཡོད་ཅེས་གསུངས། 

ཞི་ཅིན་ཕིང་གིས་བསྟན་དོན། ཉིས་སྟོང་ཉེར་གཅིག་ལོར། ཀྲུང་གོ་དང་ཡོ་རོབ་གླིང་ནི་འཛམ་གླིང་ཡོངས་ཀྱི་སྟོབས་ཤུགས་ཆེན་པོ་དང་ཚོང་ར་ཆེན་པོ། དཔལ་ཡོན་ཆེན་པོ་གཉིས་ཡིན་པའི་ཆ་ནས། ཁག་ཁུར་ཐུབ་པ་དང་བྱ་བར་འབད་བརྩོན་བྱས་ཏེ་འཛམ་གླིང་གི་ཞི་བདེ་གོང་འཕེལ་གྱི་མཉམ་ལས་འཛུགས་སྐྲུན་མཁན་ཞིག་བྱེད་དགོས། ཕྱོགས་གཉིས་ཀྱིས་གྲོས་མོལ་ལ་ཤུགས་སྣོན་པ་དང་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ། མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། འགལ་བ་ཐག་གཅོད་འོས་འཚམ་བྱས་ནས། ལག་རྡང་སྦྲེལ་ནས་གོ་སྐབས་གསར་བ་དང་རྣམ་པ་གསར་བ་བསྐྲུན་དགོས་པར་བསྟན། 

གཅིག་ནས་རིམས་འགོག་འགུལ་སྐྱོད་ལ་མཐུན་སྦྱོར་བྱེད་དགོས་པ་དང་། གཉིས་ནས་དཔལ་འབྱོར་སླར་གསོར་མཉམ་དུ་སྐུལ་འདེད་གཏོང་དགོས། གསུམ་ནས་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱེད་དགོས། བཞི་ནས་ལྷད་མེད་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས། ལྔ་ནས་ཕྱོགས་མང་མཉམ་ལས་ལ་ཡར་སྐུལ་གཏོང་དགོས། 

ཡོ་རོབ་གླིང་གི་མགོ་ཁྲིད་པས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཀྱང་། ད་ལོར་ཡོ་རོབ་གླིང་དང་ཀྲུང་གོའི་མཐོ་རིམ་བར་གྱི་འབྲེལ་འདྲིས་སྲུང་འཛིན་བྱས་པ་དང་། ས་ཁམས་མཚོན་རྟགས་ཀྱི་གྲོས་ཆོད་སོགས་གནད་དོན་རབ་དང་རིམ་པའི་ཐད་ནས་གྲུབ་འབྲས་གལ་ཆེན་བླངས་ཡོད། ད་ལྟ་ང་ཚོས་གྲོས་མོལ་བྱས་ཏེ་ཡོ་རོབ་གླིང་དང་ཀྲུང་གོའི་དངུལ་གཏོང་གྲོས་ཆོད་འགོད་པའི་གྲོས་མོལ་མཇུག་སྒྲིལ་བ་ཁྱབ་སྒྲོག་བྱས་པ་དེ། ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ཐད་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན་པ་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོའི་འཕར་སྣོན་ལ་ཡར་སྐུལ་གཏོང་བར་ཡང་ཕན་ཐོགས་ཡོད། ཡོ་རོབ་གླིང་དང་ཀྲུང་གོའི་དངུལ་གཏོང་གྲོས་ཆོད་ནི་ཆུ་ཚད་མཐོ་བ་དང་ཡོ་རོབ་གླིང་ཕྱོགས་ཀྱིས་ཀྲུང་གོས་སྒོ་འབྱེད་སྔར་ལས་རྒྱ་བསྐྱེད་པ་དང་ཉོ་ཚོང་རང་དབང་ཅན་དང་དངུལ་གཏོང་སྟབས་བདེ་ཅན་ལ་སྐུལ་འདེད་གང་ལེགས་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད། ཡོ་རོབ་གླིང་དང་ཀྲུང་གོ་གང་ཡིན་ཡང་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པ་དང་། སྟོབས་དང་ལྡན་པའི་ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་དེ་མིག་སྔའི་འཛམ་གླིང་ཡོངས་ཀྱི་མདུན་དུ་ལྷགས་པའི་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱེད་པར་ཕན་ཐོགས་ཡོད། 

ཀྲུང་གོ་དང་ཡོ་རོབ་གླིང་གི་མགོ་ཁྲིད་པས་ཕན་ཚུན་ལ་ལོ་གསར་བའི་འཚམས་འདྲི་བྱས་པ་དང་། མཉམ་དུ་བསྟན་དོན། ལོ་གསར་བའི་ནང་འབྲེལ་འདྲིས་ཟབ་མོ་སྲུང་འཛིན་དང་ཕྱོགས་གཉིས་ཀྱི་འབྲེལ་འདྲིས་གྲོས་རིམ་གལ་ཆེན་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཡོ་རོབ་གླིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་མདུན་ནས་མདུན་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། 

ལིག་ཧི་དང་དབྱང་ཅེ་ཁྲེ། ཝང་དབྱི། ཧི་ལི་ཧྥུན་བཅས་གྲོས་མོལ་ལ་ཞུགས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།