ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཕན་ཚུན་ལ་ལོ་གསར་གྱི་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཕན་ཚུན་ལ་ལོ་གསར་གྱི་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་། 

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་མཛད་དེ། ཙུང་ཐུང་ཕུའུ་ཅིན་དང་ཨུ་རུ་སིའི་མི་དམངས་ལ་ལྷག་བསམ་རྣམ་དག་གི་རྟེན་འབྲེལ་དང་སྨོན་འདུན་བཟང་བོ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ཉིས་སྟོང་ཉི་ཤུ་ལོ་ནི་སྤྱིར་བཏང་མ་ཡིན་པའི་ལོ་ཞིག་ཡིན་ཞིང་། ལོ་འདིའི་ནང་ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕན་ཚུན་རོགས་རེས་དང་དཀའ་སྡུག་མཉམ་མྱོང་བྱས་ཏེ། ལག་རྡང་སྦྲེལ་ནས་རིམས་འགོག་འཐབ་རྩོད་ཁྲོད་ཞུགས་པ་དང་། མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་ཁྱིམ་མཚེས་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་བཏང་། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨུ་རུ་སིའི་ཚན་རྩལ་གསར་གཏོད་ལོའི་བྱ་འགུལ་སྤེལ་བ་དང་། རིམས་འགོག་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་བའི་ཆ་རྐྱེན་འོག་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་གཏན་འཇགས་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། བརྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་དང་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་སྦྲེལ་མཐུད་ལ་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་མ་བཏང་། རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་འཛམ་གླིང་གི་ཧྥ་ཞི་སི་ལ་རྒོལ་བའི་འཐབ་འཁྲུག་ལ་རྒྱལ་ཁ་བླངས་པ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ་དོན་ལྔ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུས་པ་དང་། རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོབ་བྱེད་པའི་ཆོད་སེམས་བརྟན་པོ་མངོན་པར་བྱས་ནས། རྣམ་པ་གསར་བའི་རྒྱལ་སྤྱིའི་འབྲེལ་བ་དང་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པའི་ཐད་བྱས་རྗེས་གསར་བ་བཞག་ཡོད། 

ལོ་འདིར་བདག་གིས་ཙུང་ཐུང་ཕུའུ་ཅིན་གྱིས་ཁ་པར་གྲོས་མོལ་ཐེངས་མང་བྱས་པ་དང་། མཉམ་དུ་ཕྱོགས་མང་བོའི་བརྙན་རིས་མཐོ་རིམ་གྲོས་ཚོགས་རབ་དང་རིམ་པར་ཞུགས་ཏེ། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་དང་རྒྱལ་སྤྱིའི་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཡོད་ལ། ཐུན་མོང་གི་ལྟ་ཚུལ་གལ་ཆེན་བཀོད་ཡོད་པས་བདག་གིས་དོན་དེར་གདེང་འཇོག་ཆེན་པོ་བྱེད་བཞིན་ཡོད་ཅེས་བསྟན། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཉིས་སྟོང་ཉེར་གཅིག་ལོ་ནི་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བར་མཚོན་ན་དམིགས་བསལ་དོན་སྙིང་ལྡན་པ་དང་། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨུ་རུ་སིའི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག་བཀོད་ནས་ལོ་ངོ་ཉི་ཤུ་འགོར་བར་རྟེན་འབྲེལ་ཞུ་བའི་བརྗོད་སྙིང་དེར་དམིགས་ཏེ། ཤུགས་ཆེན་པོས་རྒྱལ་ཁབ་གཉིས་ཀྱི་དུས་རབས་མཛའ་མཐུན་འདུ་ཤེས་དར་སྤེལ་དུ་བཏང་ནས། དུས་རབས་གསར་བའི་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བར་མདུན་ལྗོངས་གསར་བ་དང་ནང་དོན་གསར་བ་སྣོན་དགོས། བདག་གིས་རྣམ་པ་མི་འདྲ་བའི་སྒོ་ནས་ཙུང་ཐུང་ཕུའུ་ཅིན་བར་འབྲེལ་འདྲིས་ཟབ་མོ་བྱས་ཏེ། ཕྱོགས་གཉིས་ཀྱིས་འཐབ་ཇུས་གྲོགས་ལས་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེན་པོ་བསྐྲུན་པ་དང་། ཟང་ཟིང་དང་འགྱུར་ལྡོག་གི་འཇིག་རྟེན་ལ་དྲང་ཕྱོགས་ཀྱི་ནུས་ཚད་མང་བོ་འདོན་སྤེལ་བྱེད་དགོས་ཞེས་གསུངས། 

ཕུའུ་ཅིན་གྱིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ལས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལོ་གསར་བའི་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོའི་མི་དམངས་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུས། ཕུའུ་ཅིན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་མཐུན་སྦྱོར་དང་གཞོགས་འདེགས་ཟབ་མོ་བྱས་ཏེ་མཉམ་དུ་ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས། གསེར་གྱོམ་རྒྱལ་ཁབ་བཅས་ཀྱི་སྒྲོམ་གཞིའི་ནང་གི་རོགས་ལས་ལ་ཤུགས་སྣོན་དགོས་ཟེར། སང་ལོར་ང་ཚོས་ཨུ་རུ་སི་དང་ཀྲུང་གོའི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག་བཀོད་ནས་ལོ་ངོ་ཉི་ཤུ་འགོར་བར་རྟེན་འབྲེལ་ཞུ་རྒྱུ་ཡིན་པ་དང་། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཆིངས་ཡིག་གི་དགོངས་དོན་རྒྱུན་འཁྱོངས་བྱས་ཏེ། ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བར་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་ཐུབ་པར་ཡིད་ཆེས་ཡོད་ཟེར། 

ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ཨུ་རུ་སིའི་ཙུང་ལི་མུས་ཧྲུའུ་སི་ཅིང་གིས་ཀྱང་ཕན་ཚུན་ལ་ལོ་གསར་གྱི་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་། ལིས་ཁི་ཆང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་གསུང་དོན། འདས་པའི་ལོ་གཅིག་གི་ནང་། ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་རིམས་ནད་ཀྱི་ཤུགས་རྐྱེན་དང་ཕྱི་ཕྱོགས་ཀྱི་འགྲན་རྩོད་ཁྱད་དུ་བསལ་ནས། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་ནས་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་སྲུང་འཛིན་བྱས་ཡོད།  

ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨུ་རུ་སིའི་ཙུང་ལིའི་དུས་བཅད་གྲོས་མོལ་ཐེངས་ཉེར་ལྔ་བ་སྤེལ་ནས་ཐུན་མོང་གི་ལྟ་ཚུལ་མང་བོ་བཀོད་ཡོད། བདག་གིས་ཙུང་ལི་མུས་ཧྲུའུ་སི་ཅིང་བར་གྱི་འབྲེལ་འདྲིས་དང་རོགས་ལས་ལ་ཤུགས་སྣོན་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཙུང་ལིའི་དུས་བཅད་གྲོས་མོལ་རྐྱེན་སྲོལ་གྱི་མཐུན་སྦྱོར་ནུས་པ་འདོན་སྤེལ་བྱས་ཏེ། ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་བསྟུད་མར་བདེ་ཐང་དང་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས། མུའུ་ཧྲུའུ་སི་ཅིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཨུ་རུ་སི་དང་ཀྲུང་གོའི་ཙུང་ལིའི་དུས་བཅད་གྲོས་མོལ་རྐྱེན་སྲོལ་ལས་ལོ་གསར་བའི་ནང་ཕྱོགས་གཉིས་ཀྱི་དམིགས་འབེན་ལས་འགན་དངོས་འབེབ་བྱེད་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་དེ་ཆུ་ཚད་གསར་བ་ཞིག་ཏུ་མཐོར་འདེགས་གཏོང་ཐུབ་པར་ཡིད་ཆེས་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།