ཀྲུང་གོ་བོད་ཀྱི་དྲ་བ།

2021ལོར་རང་རྒྱལ་གྱིས5Gའཕྲིན་གཏོང་ས་ཚིགས་ཁྲི60ལྷག་བསྐྲུན་རྒྱུ་ཡིན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-12-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བཟོ་ལས་དང་ཆ་འཕྲིན་པུའུ་ཡི་པུའུ་ཀྲང་ཞའོ་ཡཱ་ཆིན་གྱིས་ཚེས28ཉིན། 2021ལོའི་རྒྱལ་ཡོངས་བཟོ་ལས་དང་ཆ་འཕྲིན་ཅན་བྱ་བའི་ཚོགས་འདུ་སྟེང་བཤད་རྒྱུར། 2021ལོར་མུ་མཐུད་དུ5Gདྲ་རྒྱའི་འཕྲིན་གཏོང་ས་ཚིགས་འཛུགས་སྐྲུན་དང་བེད་སྤྱོད་བྱ་རྒྱུ་ཡིན་ལ། མགྱོགས་མྱུར་སྒོས་གྲོང་ཁྱེར་ཆེ་གྲས་ཁག་ཏུ5Gདྲ་རྒྱ་ཁྱབ་པར་བྱས་ནས་མཉམ་སྐྲུན་མཉམ་སྤྱོད་ཀྱི5Gའཕྲིན་གཏོང་ས་ཚིགས་ཁྲི60ལྷག་བསྐྲུན་འཆར་ཡོད་ཞེས་བསྟན།

ཞའོ་ཡཱ་ཆིན་གྱིས་བསྟན་དོན། 5Gདྲ་རྒྱ་འཛུགས་སྐྲུན་བྱེད་པ་དེ་འགོ་འཛིན་ས་ཞིག་ཏུ་བྱས་ནས་གཅིག་གྱུར་སྒོས་གཞི་གྲངས་ལྟེ་གནས་དང་བརྩི་ནུས་སྒྲིག་ཆས་འཆར་འགོད་བྱེད་པའི་དུས་མཚུངས་སུ། ལས་རིགས10གཙོ་གནད་དུ་བཟུང་ནས་དཔེ་མཚོན་ཅན་གྱི་བཟོ་ལས་བེད་སྤྱོད་རྣམ་པ20ཆགས་པར་བྱེད་རྒྱུ་དང་། བཟོ་ལས་ཅན་གྱི5Gདྲ་རྒྱ་འཛུགས་རྒྱུ་མ་ཟད་ས་ཁུལ་ཁག་གཅིག་ཏུ་དུས་བསྟུན་སྒོས5Gདྲ་རྒྱའི་ཟློས་ཕྱོད་ཧའོ་སྨི་ཅན་སྐྲུན་འཆར་ཡོད།

དེ་ལས་གཞན། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་དྲ་རྒྱ་ལེགས་བསྒྱུར་རིམ་སྤོར་དང་སྟོང་ཀྲའོ་དྲ་བ་ཁེབས་པའི་སྤྱོད་མཁན་དུང་ཕྱུར2ལས་བརྒལ་བར་བྱ་རྒྱུ་དང་། མུ་མཐུད་དུ་སློབ་རའི་གློག་འཕྲིན་ཁྲོམ་ར་དང་ཚོང་དོན་ཐོག་ཁང་གི་དྲ་རྒྱ་མཐུད་སྤྱོད་སོགས་ལ་དག་ཐེར། Appཡིས་སྤྱོད་མཁན་གྱི་ཁེ་དཔང་ལ་གནོད་འཚེ་གཏོང་བའི་རྣམ་པ་སོགས་ལ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནསAppཁྲི180ལྷག་ལ་ཞིབ་དཔྱད་ཚད་ལེན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།