ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

20201226101535FQUW.jpg

ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་དང་ཉེར་ལྔ་ཉིན་གཉིས་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས་པ་དང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་། 

20201226101740Obcl.jpg

ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་དང་ཉེར་ལྔ་ཉིན་གཉིས་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས་པ་དང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་དང་ཚེས་ཉེར་ལྔ་ཉིན་གཉིས་ལ་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས་པ་དང་། ཚོགས་འདུའི་བརྗོད་དོན་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་ནན་ཏན་སྒོས་སློབ་སྦྱོང་བྱེད་པ་དང་། ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་ཞིང་ཆབ་སྲིད་ནུས་པ་མཐོར་འདེགས་སུ་གཏོང་བ་དང་མི་དམངས་ཀྱི་བསམ་ཚུལ་རྒྱུན་འཁྱོངས་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་ནས་རླབས་ཆེན་རྒྱལ་ཁ་ལེན་པར་མ་ཟད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་བ་འགོ་བཟང་བོ་ཞིག་ཚུགས་རྒྱུ་དེ་རེད། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་གྱིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བྱ་བར་འབྲེལ་འདྲིས་བྱེད་པ་དང་། མི་སྒེར་གྱི་བསམ་བློ་དང་བྱ་བའི་དོན་དངོས་དང་འབྲེལ་འདྲིས་བྱེད་པ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོབ་བྱེད་པའི་སྐོར་གྱི་གཏན་འཁེལ་འགའ་ལག་བསྟར་བྱེད་པར་སྣེ་ཁྲིད་བྱེད་པ་དང་འབྲེལ་འདྲིས་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བྱེད་པར་སྣེ་ཁྲིད་བྱེད་པའི་དོན་དངོས་དང་འབྲེལ་འདྲིས་བྱེད་པ། ཀྲུང་དབྱང་གི་གཏན་འཁེལ་བརྒྱད་དང་དེའི་ལག་བསྟར་ཞིབ་ཕྲ་ལག་བསྟར་བྱེད་པར་སྣེ་ཁྲིད་པ་དང་ཕྱི་ཚུལ་རིང་ལུགས་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་པ། གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་དོན་དངོས་དང་འབྲེལ་འདྲིས་བྱས་ནས། རང་ཉིད་ལ་ཞིབ་བཤེར་དང་ཏང་གཤིས་ལ་དབྱེ་ཞིབ་བྱེད་པ་དང་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

གྲོས་ཚོགས་ཀྱི་སྔོན་ལ། འབྲེལ་ཡོད་ཕྱོགས་ཀྱིས་གྲ་སྒྲིག་གང་ལེགས་བྱས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་གྱིས་འབྲེལ་ཡོད་འགན་འཁུར་བ་དང་སེམས་གཏམ་བརྗོད་པ་དང་གླེང་མོལ་བྱས་ཏེ། བརྗོད་དོན་དང་དམིགས་ཏེ་ཞིབ་བཤེར་བྱས་པ་དང་གཏམ་བཤད་རྒྱུ་ཆ་བྲིས། ཚོགས་ཐོག་ནས་ཉིས་སྟོང་ཉི་ཤུ་ལོའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ལག་བསྟར་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་རྒྱུན་མཐུད་སྒོས་ཕྱི་ཚུལ་རིང་ལུགས་གནད་དོན་ཐག་བཅད་དེ་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་བྱ་བ་གཏིང་ཟབ་ཏུ་སྤེལ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་གྲོས་ཞིབ་བྱས། དེར་མཐུད་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་རེ་རེ་ཡིས་གཏམ་བཤད་པ་དང་རེ་བ་ལྟར་གཤིབ་སྡུར་ཞིབ་བཤེར་བྱས།

ཚོགས་ཐོག་ནས་བསྟན་དོན། ད་ལོའི་ཚུན་ལ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། འགྲན་རྩོད་ལ་ཁ་གཏད་འཇལ་ཞིང་དཀའ་ཁག་ལ་འཕྲད་ཚེ་མདུན་སྐྱོད་བྱས་པ་དང་། རིམས་ནད་འགོག་བཅོས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བར་གཅིག་གྱུར་སྒོས་འཆར་འགོད་དང་སྐུལ་འདེད་བཏང་ཞིང་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་དང་ཕྱི་ཕྱོགས་ཀྱི་གནོན་ཤུགས་ལ་ཁ་གཏད་འཇལ་བར་གཅིག་གྱུར་སྒོས་འཆར་འགོད་བྱས་པ་དང་། བརྟན་འཇགས་དྲུག་གི་བྱ་བ་དམ་འཛིན་བྱེད་པ་དང་འགན་སྲུང་དྲུག་གི་ལས་འགན་དངོས་འབེབས་བྱེད་པར་གཅིག་གྱུར་སྒོས་འཆར་འགོད་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱས་ནས་གྲུབ་འབྲས་ཆེན་པོ་ཐོབ་པར་བྱས། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། རིམས་ནད་འགོག་བཅོས་ཐད་ནས་འཐབ་ཇུས་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། དཔལ་འབྱོར་འཕར་ཚད་དམའ་བ་ནས་མཐོ་བར་མངོན་འགྱུར་བྱས་ཤིང་། དབུལ་ཐར་མཁྲེགས་གཏོར་ལས་འགན་དུས་ལྟར་ཡོངས་འགྲུབ་བྱས་པ་དང་། ཕྱོགས་སོ་སོའི་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་ཅིང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བརྟན་འཇགས་སྲུང་འཛིན་བྱས། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་བདེ་བླག་ངང་མཇུག་བསྡུས་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་བྱེད་པའི་ཐད་ནས་རླབས་ཆེན་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས། ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་བ་དང་བྱ་བ་གཙོ་བོ་ལག་བསྟར་བྱེད་སྐབས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་རང་འགུལ་སྒོས་རང་ཉིད་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་ཀྱི་ཆབ་སྲིད་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཟེར།

ཚོགས་ཐོག་ནས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་ལག་ལེན་རང་བཞིན་དང་དུས་རབས་རང་བཞིན། གསར་སྐྲུན་རང་བཞིན་གྱི་འོད་སྟོང་འབར་བའི་སྤྱོད་ལམ་ལྡན་པ་དང་། དེ་ནི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྱོན་ཡོངས་ཀྱི་ལག་ལེན་ཁྲོད་བྱུང་བའི་རིགས་གཞུང་ཉིང་བཅུད་ཡིན་པ་དང་། དུས་རབས་གསར་བའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྔར་ལས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་བའི་ཚན་རིག་ཕྱོགས་སྟོན་ཡིན། ཏང་ཡོངས་ཀྱིས་ཚན་རིག་རིགས་གཞུང་དེར་བརྟེན་ནས་ལངས་ཕྱོགས་ཇེ་བརྟན་དུ་གཏོང་བ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་མུ་མཐུད་དུ་ལས་དོན་འཕེལ་རྒྱས་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་གྱིས་ངེས་པར་དུ་སློབ་སྦྱོང་བྱས་ནས་ཁོང་དུ་ཆུད་པར་བྱེད་པ་དང་ཏན་ཏིག་སྒོས་བྱ་བ་བསྒྲུབ་པའི་ཐད་ནས་ཏང་ཡོངས་ལ་དཔེ་སྟོན་གྱི་ནུས་པ་འདོན་དགོས་པར་མ་ཟད་མུ་མཐུད་དུ་སློབ་སྦྱོང་དང་མུ་མཐུད་དུ་ལག་ལེན་བྱེད་པ་དང་མུ་མཐུད་དུ་ཤེས་པར་བྱེད་པ། མུ་མཐུད་དུ་རིགས་གཞུང་བྱང་ཚད་དང་ཆབ་སྲིད་བྱང་ཚད་མཐོར་འདེགས་སུ་བཏང་ནས། ཏང་གི་གསར་སྐྲུན་རིགས་གཞུང་དེ་འཛམ་གླིང་ལ་ངོས་འཛིན་བྱེད་པ་དང་འཛམ་གླིང་གསར་སྐྲུན་བྱེད་པའི་སྟོབས་ལྡན་བསམ་བློའི་མཚོན་ཆ་ཞིག་ཏུ་འགྱུར་བར་བྱེད་དགོས། ཆབ་སྲིད་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ཆབ་སྲིད་གཏན་ཤུགས་སྲུང་འཛིན་བྱེད་པ། ཆབ་སྲིད་ཁ་ཕྱོགས་གསལ་བོར་ཤེས་པར་བྱེད་པ། ཆབ་སྲིད་འགན་འཁྲི་ཁག་ཁུར་བྱེད་པ། ཆབ་སྲིད་ནུས་པ་མཐོར་འདེགས་སུ་གཏོང་དགོས་བར་མ་ཟད། སྤོབས་པ་ཆེན་པོས་འཐབ་རྩོད་བྱེད་པ་དང་འཐབ་རྩོད་བྱེད་མཁས་པར་བྱེད་པ། དཀའ་ཁག་ཁྱད་སེལ་དང་གསར་གཏོད་གསར་སྐྲུན་བྱས་ནས་ཏང་དང་མི་དམངས་ལ་བྱ་བ་གང་མང་བསྒྲུབ་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཅུ་གཉིས་པར་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ནས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བྱ་བའི་སྤྱོད་ཚུལ་ལེགས་སྒྱུར་བྱེད་པ་དང་མང་ཚོགས་དང་འབྲེལ་འདྲིས་དམ་པོ་བྱེད་པའི་སྐོར་གྱི་གཏན་འཁེལ་བརྒྱད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་ཚུན་ལ། རྒྱུན་འཁྱོངས་ལྷོད་མེད་བྱས་པ་བརྒྱུད། ང་ཚོས་སྔོན་ཆད་གཏན་འགོག་བྱེད་མི་ཐུབ་པའི་མི་ལེགས་པའི་སྤྱོད་ཚུལ་ཁ་ཤས་གཏན་འགོག་བྱས་ཤིང་། ཡུན་རིང་ལ་ཐག་གཅོད་འདོད་ཡོད་ཅིང་ཐག་གཅོད་མ་ཐུབ་པའི་གནད་དོན་ཚབས་ཆེན་ཁ་ཤས་ཐག་བཅད་པས། ཏང་སྲོལ་སྲིད་སྲོལ་ཐད་ལ་འགྱུར་ལྡོག་གསར་བ་བྱུང་། ཏང་ཀྲུང་དབྱང་གིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་པ་དང་། གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བ་དེ་སྤྱོད་ཚུལ་འཛུགས་སྐྲུན་གྱི་བྱ་བའི་གནད་ཆེ་སར་བཞག་སྟེ། གཞི་རིམ་གྱི་ཁུར་བོ་ཇེ་ཡང་བཏང་བ་དང་། གནད་ཁེལ་ཇུས་བསྟར་དང་གནད་དོན་ཐག་གཅོད་བྱས་པས་གྲུབ་འབྲས་བཟང་བོ་ཐོབ་ཟེར།

གྲོས་ཚོགས་ནས་བལྟས་ན། སང་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་ལག་བསྟར་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་གསར་བའི་ལོ་དང་པོ་ཡིན་པ་དང་། ང་ཚོའི་ཏང་བཙུགས་ནས་ལོ་ངོ་བརྒྱ་འགོར་བའི་ལོ་ཡང་ཡིན་པས། བྱ་བ་གང་ཡིན་ཡང་མགོ་བཟང་བོར་རྩོམ་དགོས་ལ། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་བཙུགས་ནས་ལོ་ངོ་བརྒྱ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་དགོས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་བློ་མཐུན་དག་གིས་སྣེ་ཁྲིད་དེ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། ཐེངས་གསུམ་པ། ཐེངས་བཞི་བ། ཐེངས་ལྔ་བ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། ཏང་ཀྲུང་དབྱང་གིས་བཏོན་པའི་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་དང་། ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་ལ་ཞིབ་བསྡུར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་སྙིང་འདིར་དམ་དུ་སྦྲེལ་ནས་འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རྐང་འཛུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་པ། ཚན་རིག་འཆར་འགོད་ལ་ཤུགས་སྣོན་དང་བཅོས་བསྒྱུར་གསར་གཏོད་གཏིང་ཟབ་ཏུ་སྤེལ་ནས། ཟོལ་མེད་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དེ་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་བྱ་བའི་ཁྲོད་དུ་ལག་ལེན་དངོས་འབེབ་བྱེད་དགོས་པར་འདོད། 

ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ཀྲུང་དབྱང་ཆབ་སྲིད་ཅུའི་བློ་མཐུན་སོ་སོའི་ཞིབ་བསྡུར་ཞིབ་བཤེར་གྱི་གཏམ་བཤད་ལ་དཔྱད་འཇོག་མཛད། གྲུབ་འབྲས་ལ་ཁས་ལེན་དང་རེ་བ་བཏོན། ཐེངས་འདིའི་གྲོས་ཚོགས་ལ་སྤྱི་བསྡོམས་བྱས་པར་མ་ཟད། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གཏན་འཁེལ་དང་ལག་བསྟར་རྩ་གནད་ལག་ལེན་དངོས་འབེབ་བྱེད་པའི་རེ་བ་བཏོན། ཐེངས་འདིའི་ཀྲུང་དབྱང་ཆབ་སྲིད་ཅུའི་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས་པ་ཧ་ཅང་བཟང་བ་དང་། ཚང་མས་ཐོབ་བྱ་གླེང་བ་དང་བསམ་བློ་བརྗེ་རེས་བྱས། གནད་དོན་རྩད་ཞིབ་བྱས་པ་དང་འབད་བརྩོན་གྱི་ཁ་ཕྱོགས་བཏོན་ཡོད་པས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་མཐུན་སྒྲིལ་ཇེ་ཟབ་དང་བྱ་བ་ལེགས་བཅོས་བྱེད་པར་ཕན་ཐོགས་ཡོད་པར་འདོད། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཚོའི་ཏང་གིས་མི་འགྱངས་པར་ལོ་ངོ་བརྒྱ་འཁོར་བའི་འཁྲུངས་སྐར་བསུ་ངེས་ཡིན། ཏང་འཛུགས་ཀྱི་གནམ་སའི་གསར་འབྱེད་ནས་ཀྲུང་གོ་གསར་བ་དབུ་བརྙེས་པའི་འགྱུར་ལྡོག་ཆེན་པོ། དེ་ནས་བཅོས་བསྒྱུར་སྒོ་འབྱེད་རྗེས་ཀྱི་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག དེ་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་ཏང་དང་རྒྱལ་ཁབ་བྱ་གཞག་ཐད་ནས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་། བྱུང་བའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག གཞི་རྩའི་རྒྱུ་རྐྱེན་ནི་ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་བྱེད་པའི་ཐོག་མའི་སེམས་འདུན་དང་འགན་འཁྲི་གཏན་སྲུང་བྱས་པས་རེད། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཐོག་མའི་སེམས་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། ཏང་དང་མི་དམངས་ཀྱི་བྱ་གཞག་དུས་ཡུན་རིང་བོར་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་ཆབ་སྲིད་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ཆབ་སྲིད་ཐད་ནས་གནད་དོན་ལ་བརྟག་མཁས་པ། ཆབ་སྲིད་ཀྱི་ཆེ་ཕྱོགས་དམ་འཛིན་བྱེད་མཁས་པ་བྱས་ཏེ། རྒྱུན་ཆད་མེད་པར་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་སྐོན་བློ་འགུག ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཇེ་མཐོར་གཏོང་དགོས་ཞེས་གསུངས། 

ཞི་ཅིན་ཕིང་གིས་བསྟན་དོན། དར་ཆ་གསལ་བོས་ཆབ་སྲིད་སྤེལ་བ་ནི་མར་ཁི་སི་རིང་ལུགས་སྲིད་ཏང་གི་མངོན་པར་གསལ་བའི་ཁྱད་ཆོས་ཤིག་ཡིན་པ་དང་། ང་ཚོའི་ཏང་གི་ནམ་རྒྱུན་གྱི་ཆབ་སྲིད་ཁྱད་སྟོབས་ཀྱང་ཡིན། ཏང་གིས་མི་དམངས་ཀྱི་མགོ་ཁྲིད་ནས་རྒྱལ་སྐྱོང་སྲིད་འཛིན་བྱེད་ན། ཆེས་གལ་ཆེ་བ་ནི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ང་ཚོའི་ཏང་གི་ཆབ་སྲིད་རང་མདངས་སྲུང་འཛིན་བྱེད་པ། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་བསྙེག་ནས་མདུན་བསྐྱོད་བྱེད་དགོས། ཀྲུང་དབྱང་ཆབ་སྲིད་ཇུའི་བློ་མཐུན་དག་གིས་ཁ་ཕྱོགས་ཡང་དག་པར་འཚོལ་བ་དང་དམིགས་འབེན་ལ་ཁ་གཏད་ནས། ཆབ་སྲིད་ཐད་ནས་ལྟ་ཞིབ་དང་གནད་དོན་ཐག་གཅོད་བྱེད་མཁས་པར་བྱས་ཏེ། ཆབ་སྲིད་ཀྱི་རེ་བ་དེ་ཕྱི་ཕྱོགས་ཀྱི་རེ་བ་ནས་ནང་གི་རང་རྟོགས་སུ་འགྱུར་བར་བྱེད་དགོས་ཞེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཆབ་སྲིད་སྐྱོང་ན་ངེས་པར་དུ་ཆབ་སྲིད་བརྡར་གཅོད་ནུས་པ་མཐོར་འདེགས་བྱེད་དགོས། ང་ཚོའི་ཏང་གིས་མི་དམངས་ཀྱི་མགོ་ཁྲིད་ནས་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་བཅས་བྱེད་པའི་ལོ་རྒྱུས་འཕེལ་རིམ་ལས་ཡང་དང་བསྐྱར་དུ་ཆབ་སྲིད་ཐད་ཀྱི་རང་འགུལ་ནི་ཆེས་ཕན་པའི་རང་འགུལ་ཞིག་ཡིན་པ་དང་། ཆབ་སྲིད་ཐད་ཀྱི་གཞན་འགུལ་ནི་ཆེས་ཉེན་ཁ་ཡོད་པའི་གཞན་འགུལ་ཞིག་ཡིན་པའི་གནས་ལུགས་བདེན་དཔང་བྱས་ཡོད། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་ཇེ་དྲག་ཏུ་གཏོང་དགོས་ན། རྒྱལ་ཁབ་ཆབ་སྲིད་བདེ་འཇགས་དང་མི་དམངས་གཙོ་བོར་འཛིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ་གཞི་རྩར་བྱས་ཏེ། ཚན་རིག་དང་མཐུན་པར་གནས་བབ་འགྱུར་ལྡོག་དམ་འཛིན་བྱེད་པ་དང་ཡང་དག་པར་སྣང་ཚུལ་གྱི་ངོ་བོར་ངོས་འཛིན་བྱེད་པ། བྱ་སྤྱོད་ཀྱི་བདེན་རྫུན་གསལ་འབྱེད་གསལ་བོ་བྱེད་པ། ཕན་ནུས་ལྡན་པའི་སྒོ་ནས་ཉེན་ཁ་དང་འགྲན་རྩོད་འགོག་པའི་ནུས་པ་བཅས་ཇེ་དྲག་ཏུ་གཏོང་དགོས། ཀྲུང་དབྱང་ཆབ་སྲིད་ཅུའི་བློ་མཐུན་དག་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཆེ་ཕྱོགས་ལ་འབྲེལ་བའི་གཞི་རྩའི་རང་བཞིན་དང་ཆེ་ཕྱོགས་རང་བཞིན། རྒྱང་རིང་རང་བཞིན་བཅས་ལྡན་པའི་གནད་དོན་ལ་བསམ་བློ་གཏོང་མཁས་པ་དང་། འཐབ་ཇུས་རང་བཞིན་དང་མ་ལག་རང་བཞིན། སྔོན་དཔག་རང་བཞིན་བཅས་ཀྱི་ཞིབ་འཇུག་འཆར་འགོད་ལ་ཤུགས་སྣོན་བྱས་ཏེ། གནད་དོན་གལ་ཆེན་དང་གནད་འགག་ལས་རིམ་ཐད་ཀླད་པ་གསལ་བོ་དང་མིག་ཟུང་གསལ་བོའི་སྒོ་ནས། སྤྱིར་བཏང་གི་ལས་དོན་ཁྲོད་ཆབ་སྲིད་གནད་དོན་རྙེད་མཁས་པ་དང་ཕྱོགས་རིས་རང་བཞིན་དང་མགོ་འབུས་རང་བཞིན་གྱི་གནད་དོན་ཁྲོད་ནས་ཆབ་སྲིད་ཀྱི་ཞན་ཆ་རྙེད་མཁས་པ། རྙོག་འཛིང་གི་འགལ་བའི་འབྲེལ་བའི་ཁྲོད་ཆབ་སྲིད་གཏན་ཚིགས་དམ་འཛིན་གང་ལེགས་བྱས་ཏེ། ཆབ་སྲིད་ལངས་ཕྱོགས་མི་འགྱུར་བ་དང་ཆབ་སྲིད་ཁ་ཕྱོགས་མི་ནོར་བ་རྒྱུན་འཁྱོངས་བྱེད་དགོས་ཞེས་གསུངས། 

ཞི་ཅིན་ཕིང་གིས་བསྟན་དོན། ཆབ་སྲིད་སྐྱོང་ན་ངེས་པར་དུ་ཆབ་སྲིད་གོ་རྟོགས་ཇེ་མཐོར་གཏོང་དགོས། མགོ་ཁྲིད་ལས་བྱེད་པ་དང་ཁྱད་པར་དུ་མཐོ་རིམ་མགོ་ཁྲིད་ལས་བྱེད་པས་ཆབ་སྲིད་འགན་འཁྲི་ཁུར་དགོས་ལ། ངེས་པར་དུ་ཏང་ཀྲུང་དབྱང་གི་དགོངས་དོན་གཏིང་ཟབ་ཏུ་སློབ་སྦྱོང་དང་གོ་བ་བླངས་ནས། ཏང་ཀྲུང་དབྱང་གི་དགོངས་དོན་བཀོལ་ནས་གནས་བབ་དབྱེ་ཞིབ་དང་བྱ་བར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་བར་ཚད་མཐོན་པོའི་གཅིག་གྱུར་སྲུང་འཛིན་བྱེད་དགོས། ཀྲུང་དབྱང་ཆབ་སྲིད་ཅུའི་བློ་མཐུན་དག་ནི་ཏང་ཀྲུང་དབྱང་གི་དགོངས་དོན་ལག་ལེན་དངོས་འབེབ་བྱེད་པའི་རྩ་འཛུགས་མཁན་དང་སྐུལ་འདེད་མཁན་གཙོ་བོ་ཡིན་པས། རྒྱུན་ཆད་མེད་པར་ཆབ་སྲིད་གོ་རྟོགས་མཐོར་འདེགས་བྱས་ནས་རང་ཉིད་ཀྱི་འགན་འཁྲིའི་གཏན་གནས་གསལ་བོ་བྱེད་དགོས་ཞེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཆབ་སྲིད་སྐྱོང་ན་ངེས་པར་དུ་ཆབ་སྲིད་ལག་བསྟར་ནུས་པ་མཐོར་འདེགས་བྱེད་དགོས། མགོ་ཁྲིད་ལས་བྱེད་པ་དང་ཁྱད་པར་དུ་མཐོ་རིམ་ལས་བྱེད་པས་དུས་རྒྱུན་ཏང་ཀྲུང་དབྱང་གི་དགོངས་དོན་དང་ཞིབ་བསྡུར་གང་ལེགས་བྱས་ཏེ། ཟོལ་མེད་ཀྱིས་ཏང་ཀྲུང་དབྱང་གིས་བཏོན་པའི་འདོད་བློ་དག་མཐའ་གཅིག་ཏུ་དང་ལེན་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཆོད་དོན་མཐའ་གཅིག་ཏུ་ལག་བསྟར་བྱེད་དགོས་ལ། ཏང་ཀྲུང་དབྱང་གིས་གཏན་འགོག་བྱས་པར་གཏན་ནས་མི་བསྒྲུབ་པར། མཐའ་གཅིག་ཏུ་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་མགོ་ཁྲིད་ལ་སྲུང་སྐྱོབ་བྱེད་པ། རྗེས་སུ་མི་ལུས་པ་དང་ལམ་ལོག་ཏུ་མི་འགྲོ་བའི་སྒོ་ནས་ཏང་ཀྲུང་དབྱང་གི་དགོངས་དོན་ལག་ལེན་དངོས་འབེབ་བྱེད་པ་དམ་འཛིན་གང་ལེགས་བྱེད་དགོས། མ་མཐའི་ཚད་ཐིག་གི་བསམ་བློ་རྒྱུན་འཁྱོངས་དང་གནད་དོན་གྱི་ཁ་ཕྱོགས་གཙོ་བོ་བྱ་བའི་ཐོག་མཐའ་བར་གསུམ་དུ་བརྒྱུས་པ་རྒྱུན་འཁྱོངས་བྱས་ཏེ། ཆུང་བ་ལས་བདེན་པ་ཆེན་པོ་མཐོང་བ་དང་རྐྱེན་ངན་འབྱུང་བར་སྔོན་འགོག་བྱེད་དགོས། འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ་གནད་དོན་ལ་ཁ་གཏོད་ཕོད་པ་དང་འགལ་བར་མི་གཡོལ་བ། གནད་དོན་མི་འགེབས་པ་བཅས་ཀྱིས་གནད་དོན་བྱུང་ན་འགན་འཁུར་ཕོད་པར་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་བསྟན་དོན། ཆབ་སྲིད་སྐྱོང་ན་ངེས་པར་དུ་རང་གཅུན་ནན་མོ་བྱེད་དགོས། ཀྲུང་དབྱང་ཆབ་སྲིད་ཅུའི་བློ་མཐུན་དག་གིས་ངེས་པར་དུ་རང་གཅུན་ནན་མོས་ཐོག་མཐའ་བར་གསུམ་དུ་དོགས་ཟོན་དང་། དུས་ངེས་མེད་དུ་རང་རྟོགས་དང་ཉེན་ཟོན། རང་སྐུལ་བཅས་བྱེད་དགོས། ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་དང་འདྲ་བར་རང་ཉིད་ཀྱི་སྤྱོད་བཟང་ལ་གཅེས་སྤྲས་བྱས་ཏེ་རྡུལ་གྱིས་མ་གོས་པའི་མི་ཞིག་བྱེད་དགོས། སྣེ་ཁྲིད་ནས་སྤྱོད་གཙང་ཁྱིམ་སྐྱོང་དང་ཁྱད་དབང་ལ་ངོ་རྒོལ་བྱེད་དགོས་ཞེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སང་ལོ་ནས་བཟུང་ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཡུལ་ཚོ་བཅས་ཀྱི་མགོ་ཁྲིད་ཚན་ཁག་གིས་བསྟུད་མར་གཅིག་བསྡུས་ཀྱིས་སྐབས་བརྗེ་འདེམ་བསྐོ་བྱེད་རྒྱུ་རེད། རིམ་པ་སོ་སོའི་ཏང་ཨུ་ཡིས་སྐབས་བརྗེ་འདེམ་བསྐོ་ལ་འཆར་འགོད་བཟང་བོ་དང་རྩ་འཛུགས་གང་ལེགས་བྱེད་དགོས་ལ། རིམ་པ་བཞིན་དུ་འགན་འཁྲི་དངོས་འབེབ་བྱས་ནས་སྤྱོད་གཙང་དྲང་བདེན་ལ་འགན་སྲུང་བྱེད་དགོས། མགོ་ཁྲིད་ལས་བྱེད་པ་དང་ཁྱད་པར་དུ་མཐོ་རིམ་ལས་བྱེད་པས་དངོས་སུ་སྣེ་ཁྲིད་དེ་སྐབས་བརྗེ་འདེམ་བསྐོའི་སྒྲིག་ལམ་བརྩི་སྲུང་བྱེད་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་སྲོལ་བརྩི་སྲུང་ནན་མོ་བྱེད་པ་དང་། རྩ་འཛུགས་མི་དོན་གྱི་སྒྲིག་ལམ་བརྩི་སྲུང་ནན་མོ་བྱེད་པར་སློབ་གསོ་བཏང་ནས་ཁྲིད་སྟོན་བྱེད་དགོས། གཏིང་ཟབ་ཞིབ་ཚགས་ཀྱིས་མགོ་ཁྲིད་ལས་བྱེད་པའི་བསམ་བློའི་སློབ་གསོའི་བྱ་བ་བཟང་བོར་བསྒྲུབས་ཏེ། མགོ་ཁྲིད་ལས་བྱེད་པས་མི་སྒེར་དང་རྩ་འཛུགས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་པ་དང་། རང་རྟོགས་ཀྱིས་རྩ་འཛུགས་ཀྱི་བཀོད་སྒྲིག་དང་ལེན་དང་ཁས་ལེན་བྱེད་དགོས་ཞེས་གསུངས། 

ཞི་ཅིན་ཕིང་གིས་བསྟན་དོན། ཐེངས་འདིའི་དམངས་གཙོ་འཚོ་བའི་ཚོགས་འདུའི་སྟེང་། ཀྲུང་དབྱང་ཆབ་སྲིད་ཅུའི་བློ་མཐུན་དག་གིས་བྱ་བ་བཟང་བོར་བསྒྲུབས་པའི་ཐད་བསམ་འཆར་དང་གྲོས་གཞི་མང་བོ་བཏོན་ཡོད། ལ་ལ་ཀྲུང་དབྱང་བྱ་བར་འབྲེལ་བ་དང་། ལ་ལ་སྡེ་ཁག་གི་བྱ་བར་འབྲེལ། ལ་ལ་ས་གནས་བྱ་བར་འབྲེལ་ཡོད། ཚོགས་འདུ་གྲོལ་རྗེས་དུས་ཚོད་དམ་འཛིན་གྱིས་ཞིབ་འཇུག་དང་བྱེད་ཐབས་བཏོན་ནས་བྱ་བ་ལེགས་བཅོས་བྱས་ཏེ་ཕན་འབྲས་དངོས་ཐོབ་པར་བརྩོན་ལེན་བྱེད་དགོས།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།