ལིས་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་ཟུར་ཞུགས་འཐུས་མི་དང་བཞུགས་མོལ་མཛད།

༡.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་བར་ཞུགས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་བཞུགས་མོལ་མཛད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་བར་ཞུགས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་བཞུགས་མོལ་མཛད་དེ། འཐུས་མིའི་ད་ལོའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་གནས་ཚུལ་དང་སང་ལོའི་བྱ་བའི་ཐད་ཀྱི་བསམ་འཆར་དང་གྲོས་གཞིར་གསན། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་ཇེ་མཐོར་གཏོང་བ། ལྷག་བསམ་རྣམ་དག་གིས་མི་དམངས་ཀྱི་འདོད་བློའི་ཚབ་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་མང་ཚོགས་དང་འབྲེལ་འདྲིས་བྱས་ཏེ། མི་དམངས་ཀྱི་ཆེད་དུ་འགན་འཁྲི་ལག་བསྟར་དང་མི་དམངས་ཀྱི་ཆེད་དུ་ཞབས་འདེགས་ཞུས་ནས། མི་དམངས་ཀྱིས་བསྩལ་བའི་དབང་ཆ་བེད་སྤྱོད་གང་ལེགས་བྱེད་དགོས་ཞེས་གསུངས། 

བཞུགས་མོལ་ཚོགས་འདུར་ཞུགས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ང་ལྔ་ལས་མང་ཆེ་བ་གཞི་རིམ་ལས་ཡུལ་དང་པོ་ནས་ཡོང་བ་དང་། ཁོ་ཚོས་ལང་ལོང་སྒོས་གཏམ་བཤད་སྤེལ་ནས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལོ་གཅིག་རིང་གི་བྱ་བར་ཁས་ལེན་གང་ལེགས་བྱས་པར་མ་ཟད། བསམ་འཆར་དང་གྲོས་གཞི་བཏོན། 

ལིས་ཀྲན་ཧྲུའུ་ཡིས་གསུངས་དོན། འདས་པའི་ལོ་གཅིག་ནི་ཀྲུང་གོ་གསར་བའི་ལོ་རྒྱུས་སྟེང་ཆེས་རྒྱུན་ལྡན་མིན་པའི་ལོ་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དཀའ་ངལ་ཁྱད་སེལ་དང་མཐུན་སྒྲིལ་འབད་འཐབ་བྱས་སྟབས་རིམས་ནད་འགོག་བཅོས་ཐད་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་བླངས་ཡོད་པ་དང་། འཛམ་གླིང་ཡོངས་སུ་དཔལ་འབྱོར་འཕར་སྣོན་བྱུང་བའི་དཔལ་འབྱོར་ཚོགས་པ་གཅིག་པུ་ཡིན་ལ། མི་དམངས་ཡིད་ཚིམས་པ་དང་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པ། ལོ་རྒྱུས་ཀྱི་དེབ་ཐེར་དུ་བཀོད་ཆོག་པའི་གྲུབ་འབྲས་བླངས་ཡོད་ཟེར། 

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ད་ལོར། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་འོག རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཆེ་ཕྱོགས་ལ་དམིགས་ནས་འགན་འཁྲི་ལག་བསྟར་ནན་མོ་བྱས་ནས། ཕྱོགས་སོ་སོའི་བྱ་བར་གྲུབ་འབྲས་དང་ཕན་འབྲས་གསར་བ་ཐོབ་ཡོད། ཁྱད་པར་དུ་རིམས་ནད་འགོག་བཅོས་ལ་ཧུར་ཐག་སྒོས་ཞུགས་པ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྩ་ཁྲིམས་གཏན་འབེབས་འཐུས་ཚང་དུ་གཏོང་བ། མཁྲེགས་གཏོར་འཐབ་རྩོད་སྤེལ་བར་རོགས་འདེགས་བྱེད་པ་སོགས་ཀྱི་ཐད་ནས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་དང་རང་འགུལ་གྱིས་བྱ་སྤྱོད་སྤེལ་ཏེ། དགོས་ངེས་ཀྱི་འགན་ནུས་འདོན་སྤེལ་བྱས་ཡོད་ཟེར། 

ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། ཉིས་སྟོང་ཉེར་གཅིག་ལོ་ནི་རང་རྒྱལ་གྱིས་དེང་རབས་ཅན་འཛུགས་སྐྲུན་འཕེལ་རིམ་ཁྲོད་དམིགས་བསལ་དང་གལ་འགངས་ཆེ་བའི་ལོ་ཞིག་ཡིན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་གཏིང་ཟབ་ཏུ་སློབ་སྦྱོང་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་དགོངས་པ་གལ་ཆེན་ལ་གཏིང་ཟབ་ཏུ་གོ་བ་བླངས་ཤིང་། ཚན་རིག་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱས་ནས། བྱ་བར་སྐུལ་འདེད་གཏོང་དགོས། འཐུས་མི་དག་གིས་སྔར་ལས་ལྷག་པའི་སྒོ་ནས་མང་ཚོགས་ལ་འབྲེལ་འདྲིས་ཟབ་མོ་བྱེད་པ་དང་། ནན་ཏན་གྱིས་འཐུས་མིའི་འགན་འཁྲི་ལག་བསྟར་བྱས་ཏེ། མཉམ་དུ་དུས་རབས་གསར་བའི་དམངས་ཆེན་བྱ་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས་ཞེས་གསུངས། 

ཝང་ཁྲིན་གྱིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།