ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཞིབ་བཤེར་ཚན་ཆུང་གིས་རང་ཞིང་གི་བདེ་འཇགས་ཐོན་སྐྱེད་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱས།

  རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-12-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཞིབ་བཤེར་ཚན་ཆུང་ཟླ་བཅུ་གཉིས་པའི་ཚེས་ཉེར་གཅིག་ཉིན་ཟི་ལིང་དུ་འབྱོར་ནས། རང་ཞིང་གི་བདེ་འཇགས་ཐོན་སྐྱེད་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱས། ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་གསུམ་ཉིན་བར། ཞིབ་བཤེར་ཚན་ཆུང་གིས་ཟི་ལིང་ནས་སྙན་ཞུའི་ཚོགས་འདུ་བསྡུས་པར་མ་ཟད། ཕྱོགས་བསྡུས་ཚན་ཆུང་དང་ལས་གཞིའི་འཛུགས་སྐྲུན་ཚན་ཆུང་། འགྲིམ་འགྲུལ་སྐྱེལ་འདྲེན་ཚན་ཆུང་བཅས་ཚན་ཆུང་གསུམ་དུ་བགོས་ནས། སོ་སོར་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་དུ་སོང་ནས་མངོན་ལྐོག་གཉིས་ནས་རྟོག་ཞིབ་དང་བདེ་འཇགས་ཐོན་སྐྱེད་བྱ་བར་ཁྲིད་སྟོན་བྱས། ཞིབ་བཤེར་ཚན་ཆུང་སྔ་གཞུག་ཏུ་རྨ་ཆུའི་ཟི་ལིང་ཚ་གློག་ཚད་ཡོད་ཀུང་ཟི་དང་ཟི་ལིང་ནས་ཞིང་སྐྱོང་བར་གྱི་རིམ་པ་དང་པོའི་གཞུང་ལམ་བཟོ་སྐྲུན་གྱི་ཡོན་ཧྲན་རི་བོའི་ཕུག་ལམ། ཟི་ལིང་ཞིན་ཧྭ་ལེན་ཚོང་ར། ཟི་ལིང་འགྲུལ་སྐྱེལ་ལྟེ་གནས་སོགས་ལས་ཁུངས་དང་ཁེ་ལས་གཙོ་བོ་ཉེར་གཉིས་སུ་སོང་སྟེ། མངོན་ལྐོག་གཉིས་ནས་རྟོག་ཞིབ་དང་ཁྲིམས་བསྟར་རྣམ་པའི་ཞིབ་བཤེར། གཞི་རིམ་དུ་འཚམས་འདྲི་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། གཞི་རིམ་ལས་ཡུལ་དང་པོར་སོང་སྟེ་བདེ་འཇགས་ཐོན་སྐྱེད་དང་སློབ་གསོའི་གསོ་སྦྱོང་། མི་མངོན་པའི་རྐྱེན་ངན་རྩད་ཞིབ། མེ་གསོད་བདེ་འཇགས། འཕྲལ་སྒྲུབ་འཁྲབ་སྟོན་སོགས་དགུན་དུས་ཀྱི་བདེ་འཇགས་འགན་སྲུང་བྱ་བ་སྣ་ཚོགས་ལ་ཁྲིད་སྟོན་དང་ཞིབ་བཤེར་བྱས་ནས། བདེ་འཇགས་ཐོན་སྐྱེད་བྱ་བའི་ཁྲོད་ཀྱི་གནད་དོན་དང་མི་འདང་ས་འཚོལ་ཞིབ་བྱས། 

ཚེས་ཉེར་བཞི་ཉིན། ཞིབ་བཤེར་གནས་ཚུལ་ཕྱིར་བསྒྲགས་བྱེད་པའི་བརྗེ་རེས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཞིབ་བཤེར་ཚན་ཆུང་སོ་སོས་རྙེད་པའི་གནད་དོན་སྙན་ཞུ་བྱས་པ་དང་། གྲོས་གཞི་དང་བྱ་བའི་རེ་བ་བཏོན། ཞིང་ཆེན་བདེ་འཇགས་ཐོན་སྐྱེད་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་གཏམ་བཤད་སྤེལ་ནས། ཞིབ་བཤེར་ཕྱིར་བསྒྲགས་བྱས་པའི་གནད་དོན་དང་བསམ་འཆར་ལ་ནན་ཏན་གྱི་ལྟ་སྟངས་འཛིན་པ་དང་། ཟོལ་མེད་ཀྱིས་ལེགས་བཅོས་དངོས་འབེབ་དམ་འཛིན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་མིག་སྔའི་བདེ་འཇགས་ཐོན་སྐྱེད་བྱ་བར་སྐུལ་འདེད་གཏོང་བ་དང་། ལོ་གསར་རྙིང་གཉིས་ཀྱི་བདེ་འཇགས་གནས་བབ་གཏན་འཇགས་ཡོང་བར་འགན་སྲུང་བྱེད་རྒྱུའི་ཚུལ་བསྟན།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།