ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་རང་རྒྱལ་གྱི་ནུས་ཁུངས་རང་བདག་འགན་སྲུང་ནུས་ཤུགས80%ཡན་རྒྱུན་འཁྱོངས་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2020-12-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་རྒྱལ་ཁབ་ནུས་ཁུངས་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། རང་རྒྱལ་གྱིས་ནུས་ཁུངས་འདོན་སྤྲོད་གསར་བརྗེ་ལ་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ། ནུས་ཁུངས་རང་བདག་འགན་སྲུང་ནུས་ཤུགས80%ཡན་རྒྱུན་འཁྱོངས་བྱས་ཡོད།

རང་རྒྱལ་གྱི་མ་བཅོས་རྡོ་སྣུམ་གྱི་ཐོན་ཚད་བསྟུད་མར་ལོ་གཉིས་ལ་བརྟན་རླིང་ངང་བསྐྱར་འཕར་བྱས་ཤིང་། ད་ལོར་ཏུན་དུང་ཕྱུར1.94ལ་སླེབས་རྩིས་ཡོད། རང་བྱུང་སོལ་རླངས་བསྟུད་མར་ལོ4ལ་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར100ལས་བརྒལ་ཏེ། ད་ལོའི་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར1860ལས་བརྒལ་རྩིས་ཡོད།

དེ་དང་ཆབས་ཅིག་ནུས་ཁུངས་གཙང་མའི་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད་བཏང་སྟེ། ཆུ་གློག་དང་། རླུང་གློག འོད་གློག འཛུགས་སྐྲུན་བྱེད་བཞིན་པའི་ཉིང་རྡུལ་གློག་འདོན་འཕྲུལ་འཁོར་སོགས་ཀྱི་དམིགས་ཚད་མང་པོ་འཛམ་གླིང་གི་ཨང་དང་པོ་རྒྱུན་འཁྱོངས་བྱས་ཡོད།

ནུས་ཁུངས་ཀྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཞིང་ཆེན་དང་ས་ཁོངས་བརྒལ་བའི་གློག་སྐྱེལ་བགྲོད་ལམ23འཛུགས་སྐྲུན་དང་འཁོར་སྐྱོད་བྱེད་འགོ་བརྩམས་ཏེ། རྒྱལ་ཡོངས་ཀྱི་གློག་དྲ་ཆེན་མོ་འབྲེལ་མཐུད་ཕལ་ཆེར་མངོན་འགྱུར་བྱས། ནུབ་གློག་ཤར་འདྲེན་ནུས་ཤུགས་སྟོང་ཝ་དུང་ཕྱུར2.6ལ་སླེབས་པ་དང་། སྣུམ་རླུང་རིགས་ཆེན་པོ་བཞི་ནང་འདྲེན་འཐབ་ཇུས་ཀྱི་བགྲོད་ལམ་ཕལ་ཆེར་གྲུབ་ཡོད་དེ། ཐོན་ཁུངས་བཀོད་སྒྲིག་ནུས་ཤུགས་ལ་མཐོར་འདེགས་ཆེན་པོ་བྱུང་ཡོད།

ལོ་ལྔ་ཡི་རིང་། རང་རྒྱལ་གྱི་ནུས་ཁུངས་ཞབས་ཞུ་ཆུ་ཚད་ཀྱང་འཕེལ་རྒྱས་ཆེན་པོ་བྱུང་ནས། རེས་སྐོར་གསར་བའི་ཞིང་སྡེའི་གློག་དྲ་བསྒྱུར་བཀོད་རིམ་སྤར་བྱ་བ་ལེགས་འགྲུབ་བྱས་ལ། རྒྱལ་ཡོངས་ཀྱི་ཞིང་སྡེའི་གློག་དྲ་ཆེན་མོ་ཁྱབ་པའི་མངའ་ཁོངས་ཡོངས་སུ་སྒུལ་ཤུགས་གློག་འཐེན་ནས། ཞིང་སྡེ་གློག་ཤུགས་ཅན་དུ་འགྱུར་ཚད18%ལ་སླེབས་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།