ཀྲུང་གོ་བོད་ཀྱི་དྲ་བ།

སང་ལོའི་ཟླ1པོའི་ཚེས20ཉིན་ནས་བཟུང་ལྕགས་ལམ་གྱི་མེ་འཁོར་འཁོར་རྒྱུག་གི་འཆར་གཞི་གསར་པ་སྤྱོད་རྒྱུ་རེད།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-12-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་པར། 2021ལོའི་ཟླ1པོའི་ཚེས20ཉིན་གྱི་ཆུ་ཚོད་ཀླད་ཀོར་ནས་བཟུང་། རྒྱལ་ཡོངས་ལྕགས་ལམ་གྱི་མེ་འཁོར་འཁོར་རྒྱུག་གི་འཆར་གཞི་གསར་པ་ལག་བསྟར་བྱེད་པ་དང་། འགྲུལ་སྐྱེལ་མེ་འཁོར325མང་དུ་གཏོང་བ། ཟོག་འདྲེན་བགྲོད་ལམ་གཙོ་བོའི་ཐོག་ཟོག་འདྲེན་མེ་འཁོར་114མང་དུ་གཏོང་བ་བཅས་བྱ་རྒྱུ་རེད། འཁོར་རྒྱུག་འཆར་གཞི་ལེགས་སྒྲིག་བྱས་རྗེས། རྒྱལ་ཡོངས་ལྕགས་ལམ་གྱི་འགྲུལ་སྐྱེལ་ཟོག་འདྲེན་མེ་འཁོར་གཏོང་གྲངས་བསྡོམས་འབོར10203དང20513ཟིན་ནས་ལྕགས་ལམ་གྱི་འགྲུལ་སྐྱེལ་ཟོག་འདྲེན་ནུས་པ་སྔར་བས་ཆེ་རུ་འགྲོ་རྒྱུ་རེད། འཁོར་རྒྱུག་འཆར་གཞི་ལེགས་སྒྲིག་བྱས་རྗེས། འགྲུལ་སྐྱེལ་མེ་འཁོར་གྱི་སྤ་སེ་ཟླ12པའི་ཚེས22ཉིན་ནས་གཅིག་རྗེས་གཉིས་མཐུད་ངང་འཚོང་རྒྱུ་རེད།

རྒྱལ་ཁབ་ལྕགས་ལམ་ཚོགས་པ་སྐྱེལ་འདྲེན་པུའི་འགན་ཁུར་བས། ད་ཐེངས་འཁོར་རྒྱུག་འཆར་གཞི་ལེགས་སྒྲིག་བྱེད་པ་དེ་ལྕགས་ལམ་སྡེ་ཚན་གྱིས་ད་ལོའི་ལོ་མཇུག་དང་སང་ལོའི་ལོ་འགོའི་ལྕགས་ལམ་གྱི་ལམ་ཐིག་གསར་པ་བེད་སྤྱོད་དང་། འདྲེན་ནུས་ཀྱི་ཐོན་ཁུངས་མང་དུ་གཏོང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་རྒྱུ་རྐྱེན་ལ་སྤྱི་འདོམས་བསམ་གཞིག་བྱས་ཏེ་སྐྱེལ་འདྲེན་སྒྲིག་འཛུགས་ཇུས་གཞིར་ལེགས་གཏོང་ལེགས་སྒྲིག་བྱས་པ་ཞིག་ཡིན། དེ་དག་གི་འགྱུར་ལྡོག་གཙོ་བོ་གཤམ་གསལ་གྱི་ཁག་གསུམ་ནས་མཚོན་ཐུབ་པ་སྟེ།

གཅིག་ནི་ལམ་ཐིག་གསར་པའི་ཐོན་ཁུངས་གང་ལེགས་སྤྱད་ཅིང་། ད་ལོའི་ལོ་མཇུག་དང་སང་ལོའི་ལོ་འགོར་ལྕགས་ལམ་གྱི་ལམ་ཐིག་གསར་པ་མང་པོ་ཞིག་ཤར་གཏོང་དང་གཉེར་སྐྱོང་ཐུབ་རྒྱུ་རེད། ལྕགས་ལམ་སྡེ་ཚན་གྱིས་ལམ་ཐིག་གསར་པའི་ཐོན་ཁུངས་གང་ལེགས་སྤྱད་དེ་མྱུར་བགྲོད་དང་། རྒྱུན་སྤྱོད། ཟོག་འདྲེན་བཅས་ཀྱི་མེ་འཁོར་བཀོད་སྒྲིག་བྱས་ཏེ་ས་ཁོངས་ཀྱི་སྐྱེལ་འདྲེན་ནུས་པ་ཆེ་རུ་གཏོང་རྒྱུ་རེད། དེའི་ནང་དབྱིང་ཁྲོན་ནས་ཤིས་ཨན་བར་གྱི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་པ་དེས་ཉིང་ཞ་རྒྱལ་ཡོངས་ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བའི་ནང་ཐེངས་དང་པོ་ཚུད་པ་དང་། ཡན་ཁྲེང་ནས་ནན་ཐུང་བར་གྱི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་སྟེ་ཧྲན་ཏུང་དང་ཅང་སུའུ་ཤར་རྒྱུད་ཀྱི་མཚོ་འགྲམ་ས་ཁུལ་ནས་སུའུ་ཀྲོའུ་དང་། ཧྲང་ཧའེ། ཧང་ཀྲོའུ་བཅས་བར་གྱི་མགྱོགས་ལམ་ཆགས་ནས་ཆིང་ཏའོ་ནས་ལན་ཡུན་གྲུ་ཁ་དང་། ཡན་ཁྲེང་། ནན་ཐུང་བཅས་བརྒྱུད་ཧྲང་ཧའེ་བར་བསྐྱོད་པར་མགྱོགས་ཤོས་ཆུ་ཚོད4དང་སྐར་མ54ལ་འབྱོར་ཐུབ་རྒྱུ་རེད།

གཉིས་ནི་མེ་འཁོར་འཁོར་རྒྱུག་ཇུས་གཞི་ཇེ་ལེགས་སུ་བཏང་ཞིང་། ད་ཐེངས་ལེགས་སྒྲིག་བྱས་པའི་འཁོར་རྒྱུག་འཆར་གཞིའི་ནང་ལྕགས་ལམ་སྡེ་ཚན་གྱིས་འགྲུལ་རྒྱུན་གྱི་འགྱུར་ལྡོག་ལྟར་ཤུགས་འགྲེམས་མེ་འཁོར་གྱི་རྒྱུན་གཏན་ལམ་ཐིག་ཁག88དང་གཟའ་མཇུག་ལམ་ཐིག་ཁག2མང་དུ་བཏང་བ་དང་། འཁོར་རྒྱུག་ཁུལ་དུམ44འགྱུར་ལྡོག་བཏང་བ། འཁོར་རྒྱུག་ལམ་ཐིག་ཁག29ལེགས་སྒྲིག་བྱས་ཡོད། དེའི་ནང་ཁྲེང་ཏུའུ་ནས་ཁྲུང་ཆིང་བར་གྱི་མྱུར་བགྲོད་ལྕགས་ལམ་མྱུར་ཚད་སྤྱི་ལེ350ཐོག་ནས་འཁོར་རྒྱུག་བྱས་པ་དང་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར50སྤྱད་པས་ཁྲེང་ཏུའུ་ནས་ཁྲུང་ཆིང་བར་མགྱོགས་ཤོས་སྐར་མ62ནང་འབྱོར་ཐུབ་པ་དང་གྲོང་ཁོངས་ཕན་འབྲས་སྔར་བས་མངོན་རྒྱུ་རེད།

གསུམ་ནི་ཟོག་འདྲེན་ནུས་པ་ཆེ་རུ་ཕྱིན་ཞིང་། རྡོ་སོལ་དང་འབྲུ་རིགས་སོགས་གཙོ་གནད་དངོས་ཟོག་སྐྱེལ་འདྲེན་གྱི་དགོས་མཁོ་ལྟར། པེ་ཅིང་ནས་ཧར་པིན་བར་དང་། ཐེན་ཅིན་ནས་ཧྲན་ཤིས་བར། ཧྲེན་དབྱང་ནས་ཧྲན་ཤིས་བར། ཁྲུང་ཆིང་ནས་ཧོའེ་ཧྭ་བར། ཅའོ་ཙོ་ནས་ལིའུ་ཀྲོའུ་བར། ཤང་དབྱང་ནས་ཁྲུང་ཆིང་བར་བཅས་ཟོག་འདྲེན་བགྲོད་ལམ་གཙོ་བོར་ཟོག་འདྲེན་མེ་འཁོར114མང་དུ་བཏང་ཡོད། ཀྲུང་ཡོའི་དུས་གཏན་མེ་འཁོར་དང་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་དགོས་མཁོར་འགྱུར་ལྡོག་སོང་བར་དམིགས་ཏེ་ཟོག་འདྲེན་དུས་གཏན་མེ་འཁོར་གྱི་འཁོར་རྒྱུག་ཇུས་གཞི་ལེགས་སུ་བཏང་བ་དང་འཁོར་རྒྱུག་འཆར་གཞི་ལེགས་སྒྲིག་བྱས་རྗེས་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར73དང་། ཀྲུང་གོ་དང་ཨེ་ཤེ་ཡའི་དུས་གཏན་མེ་འཁོར30 སྐམ་མཚོའི་བགྲོད་ལམ་གསར་པའི་དུས་གཏན་མེ་འཁོར6 འབྲི་ཆུའི་རྒྱུད་ཀྱི་དུས་གཏན་མེ་འཁོར11བཅས་ཟིན་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་གནད་སྨིན་སྒོ་ནས་ཞབས་འདེགས་ཞུ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།