ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བཅུ་བཞི་པའི་ཀྲུང་གོ་དང་འཇར་པན་གྱི་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་ཕྱོགས་བསྡུས་གླེང་སྟེགས་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་རྣམ་པས་འཚོགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-12-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས20ཉིན། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཚོང་དོན་པུའུ་ཡིས་འཇར་པན་དཔལ་འབྱོར་ལས་རིགས་ཀྱི་ཞིང་ཆེན་དང་། འཇར་པན་དང་ཀྲུང་གོའི་དཔལ་འབྱོར་མཐུན་ཚོགས་དང་མཉམ་དུ་བསྒྲུབས་པའི་སྐབས་བཅུ་བཞི་པའི་ཀྲུང་གོ་དང་འཇར་པན་གྱི་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་ཕྱོགས་བསྡུས་གླེང་སྟེགས་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་རྣམ་པས། པེ་ཅིན་དང་ཏུང་ཅིན་གཉིས་བར་བརྙན་ལམ་བརྒྱུད་དེ་འཚོགས།

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧོ་ལིས་ཧྥིན་གྱིས་གཙོ་དོན་གཏན་བཤད་གནང་། ཁོང་གིས་བཤད་རྒྱུར། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱ་རྒྱུའི་ཐད་ལ་བཀོད་སྒྲིག་ཁ་གསལ་བྱས་ཤིང་། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་དང་། བཙོག་འབུད་ཉུང་གཏོང་གི་ཁས་ལེན་དོན་འཁྱོལ། ཁོར་ཡུག་སྤུས་ཚད་ལེགས་བཅོས། སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཐོན་ཁུངས་བེད་སྤྱོད་པའི་ཕན་འབྲས་ཆེ་རུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་འཇར་པན་ཕྱོགས་དང་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་དང་ནུས་ཁུངས་གྲོན་ཆུང་། ཁོར་ཡུག་སྲུང་སྐྱོང་གི་མཉམ་ལས་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་། ལག་གདང་སྦྲེལ་ནས་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་རྣམ་པ་གཏོད་འདོད་ཡོད་ཅེས་བཤད།

ཚེས20ཉིན་གྱི་ཕྱི་དྲོར་ཕན་ནུས་མཐོར་འདེགས་དང་། རླངས་འཁོར་གྱི་གློག་སྒུལ་ནུས་པ་ཅན་དང་རིག་ནུས་ཅན། དྭངས་གཙང་གློག་ཤུགས་ཏེ་ཆིང་ནུས། ཀྲུང་གོ་དང་འཇར་པན་གྱི་དུས་ཡུན་རིང་པོའི་ཉོ་ཚོང་།(ཆུའི་ཁོར་ཡུག་བཅོས་སྐྱོང་དང་འདམ་རྫབ་གཙང་སེལ)བཅས་ཀྱི་གླེང་སྟེགས4གཉེར་བ་དང་། ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་སྡེ་ཁག་དང་ཁེ་ལས། ལས་ཁུངས། མཐུན་ཚོགས་བཅས་ཀྱི་འཐུས་མི400ལྷག་གིས་དྲ་ཐོག་དང་ཡུལ་དངོས་ནས་སྤེལ་རེས་དང་ཞིབ་དཔྱད་བྱས་པ་རེད། སྐབས་འདིའི་གླེང་སྟེགས་སྟེང་ཕྱོགས་གཉིས་པོའི་ཁེ་ལས་དང་ལས་ཁུངས། མཐུན་ཚོགས་བཅས་ཀྱིས་མཉམ་ལས་རྣམ་གྲངས14ལ་མིང་རྟགས་བཀོད་པ་མ་ཟད། མིང་རྟགས་བཀོད་པའི་ཡིག་ཆ་བརྗེ་རེས་བྱེད་པའི་མཛད་སྒོ་ཡང་སྤེལ་བ་རེད། ། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།