ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་པེ་ཅིང་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20201219095151t7T.jpg

ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར་པེ་ཅིང་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། 

20201219095220TTrl.jpg

ལིས་ཁི་ཆང་གིས་སང་ལོའི་དཔལ་འབྱོར་བྱ་བར་བྱེ་བྲག་ཏུ་བཀོད་སྒྲིག་བྱས་ཏེ་སྤྱི་བསྡོམས་གསུང་བཤད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར་པེ་ཅིང་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལིས་ཀྲན་ཧྲུའུ་དང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་གྲོས་ཚོགས་ལ་ཞུགས། 

ཞི་ཅིན་ཕིང་གིས་ཚོགས་ཐོག་ནས་གསུང་བཤད་གལ་ཆེན་གནང་ནས། ཉིས་སྟོང་ཉི་ཤུ་ལོའི་དཔལ་འབྱོར་བྱ་བར་སྤྱི་བསྡོམས་བྱས་པ་དང་། མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱས་པར་མ་ཟད། ཉིས་སྟོང་ཉེར་གཅིག་ལོའི་དཔལ་འབྱོར་བྱ་བར་བཀོད་སྒྲིག་བྱས། ལིས་ཁི་ཆང་གིས་གསུང་བཤད་གནང་སྐབས་སང་ལོའི་དཔལ་འབྱོར་བྱ་བར་བྱེ་བྲག་ཏུ་བཀོད་སྒྲིག་བྱས་ཏེ་སྤྱི་བསྡོམས་གསུང་བཤད་གནང་། 

གྲོས་ཚོགས་ནས་བལྟས་ན། ད་ལོ་ནི་ཀྲུང་གོ་གསར་བའི་ལོ་རྒྱུས་སྟེང་ཆེས་སྤྱིར་བཏང་མ་ཡིན་པའི་ལོ་ཞིག་ཡིན་པར་འདོད། ཛ་དྲག་དང་རྙོག་འཛིང་གི་རྒྱལ་སྤྱིའི་གནས་བབ་དང་། ཚེགས་ཆེ་ཞིང་ཁུར་ལྗིད་པའི་རྒྱལ་ནང་གི་བཅོས་བསྒྱུར་འཕེལ་རྒྱས་གཏན་འཇགས་ཀྱི་ལས་འགན་དང་། ཁྱད་པར་དུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནོད་པ་ཆེན་པོའི་མདུན་ནས། ང་ཚོས་འཐབ་ཇུས་གཏན་ཤུགས་སྲུང་འཛིན་བྱས་ཤིང་། གནས་བབ་ལ་བརྡར་གཅོད་ཡང་དག་བྱས་པ་དང་། སེམས་ཞིབ་མོས་འཆར་འགོད་དང་བཀོད་སྒྲིག་བྱས་ཏེ། གཅིག་ཆོད་ཀྱི་འགུལ་སྐྱོད་སྤེལ་བ་དང་། དཀའ་སྤྱད་དང་འབད་བརྩོན་བྱས་ནས། མི་དམངས་ཡིད་ཚིམས་པ་དང་འཛམ་གླིང་གིས་རེ་ལྟོས་བྱེད་པ། ལོ་རྒྱུས་ཀྱི་དེབ་ཐེར་དུ་བཀོད་ཆོག་པའི་གྲུབ་འབྲས་བླངས་ཡོད། རང་རྒྱལ་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་མངོན་འགྱུར་བྱས་པའི་དཔལ་འབྱོར་ཚོགས་ཁག་གཙོ་བོ་གཅིག་པུར་གྱུར་བ་དང་། མཁྲེགས་གཏོར་ཆེན་མོ་གསུམ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ལ། ཚན་རྩལ་གསར་གཏོད་ཐད་གྲུབ་འབྲས་ཆེན་པོ་ཐོབ་ཡོད། བཅོས་བསྒྱུར་སྒོ་འབྱེད་ལ་གྲུབ་འབྲས་བཟང་བོ་ཐོབ་ནས་དམངས་ཚིས་ལ་འགན་སྲུང་གང་ལེགས་ཐོབ་ཡོད། གྲུབ་འབྲས་དེ་དག་ལས་སླ་མོ་ཞིག་མ་ཡིན་པ་དང་། དཀའ་ཚེགས་མང་བོ་བརྒྱུད་ཡོད་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་འགོ་ཁྲིད་གང་ལེགས་བྱས་པའི་མཇུག་འབྲས་ཡིན་ལ། ཏང་ཡོངས་དང་དམངས་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་མཇུག་འབྲས་ཡིན།

གྲོས་ཚོགས་ནས་བསྟན་དོན། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་མཇུག་བསྡུའི་ལོ་ཡིན། ལོ་ལྔའི་རིང་བསྟུད་མར་འབད་འཐབ་བྱས་པ་བརྒྱུད། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་དམིགས་འབེན་ལས་འགན་གཙོ་བོ་མི་འགྱངས་པར་ཡོངས་འགྲུབ་བྱེད་སྲིད། རང་རྒྱལ་གྱི་དཔལ་འབྱོར་དངོས་ཤུགས་དང་ཚན་རྩལ་དངོས་ཤུགས། ཕྱོགས་བསྡུས་རྒྱལ་ཤུགས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་བཅས་ཡང་བསྐྱར་སྐས་རིམ་གསར་བ་ཞིག་ཏུ་བསླེབ་ཡོད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་ཐོབ་ལ་ཉེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གོང་འཕེལ་ཆེན་པོ་བྱུང་ཡོད། 

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། རྒྱལ་ནང་དང་རྒྱལ་སྤྱིའི་ཆེ་ཕྱོགས་གཉིས་ལ་གཅིག་གྱུར་བཀོད་འདོམ་བྱེད་པ་དང་། རིམས་ནད་འགོག་སྲུང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་བཀོད་འདོམ་བྱེད་པའི་ལག་ལེན་ཁྲོད། ང་ཚོས་ཛ་དྲག་གི་འགྲན་རྩོད་འོག་དཔལ་འབྱོར་བྱ་བ་བཟང་བོར་སྒྲུབ་པའི་ཆོས་ཉིད་རང་བཞིན་ལ་ངོས་ཟིན་ཟབ་མོ་བྱུང་ཡོད། 

གྲོས་ཚོགས་ནས་བསྟན་དོན། གྲུབ་འབྲས་ལ་ཁས་ལེན་བྱེད་པའི་ཞོར་དུ་རིམས་ནད་ཀྱི་འགྱུར་ལྡོག་དང་ཕྱི་ཕྱོགས་ཁོར་ཡུག་ཏུ་གནས་པའི་གཏན་འཇགས་མིན་པའི་རང་བཞིན་མང་བོ་དང་། རང་རྒྱལ་གྱི་དཔལ་འབྱོར་སླར་གསོའི་རྨང་གཞི་སྔར་བཞིན་བརྟན་པོ་མིན་པ་ངེས་པར་དུ་གསལ་བོར་མཐོང་དགོས། སང་ལོའི་འཛམ་གླིང་གི་དཔལ་འབྱོར་གནས་བབ་སྔར་བཞིན་རྙོག་འཛིང་དང་ཛ་དྲག་ཆེ་སྲིད་ལ། སླར་གསོའི་བྱ་བ་གཏན་འཇགས་དང་དོ་མཉམ་མིན། རིམས་ནད་ཀྱི་ཤུགས་རྐྱེན་ལས་བྱུང་བའི་རིགས་སྣ་ཚོགས་ཀྱི་ཉེན་ཁ་དག་སྣང་མེད་དུ་བསྐྱུར་མི་རུང་། སེམས་ཁུར་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་རྒྱལ་ཁ་ལེན་པའི་ཡིད་ཆེས་ཇེ་བརྟན་དུ་བཏང་ནས། དཔལ་འབྱོར་གྱི་བསྟུད་མར་སླར་གསོ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རང་ཉིད་ཀྱི་བྱ་བ་བཟང་བོར་བསྒྲུབ་པ་དང་། མ་མཐའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། ཉེན་ཁའི་སྔོན་དཔག་བརྡར་གཅོད་ནུས་པ་ཇེ་མཐོར་བཏང་སྟེ། རིགས་སྣ་ཚོགས་ཀྱི་ཉེན་ཁ་དང་འགྲན་རྩོད་ལ་དོགས་ཟོན་ནན་མོ་བྱེད་དགོས། མུ་མཐུད་དུ་ཕྱོགས་མང་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེང་བ་དང་། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་དང་ལེགས་བཅོས་ནང་ཧུར་ཐག་གིས་ཞུགས་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས། 

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སང་ལོ་ནི་རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་འཕེལ་རིམ་ཁྲོད་དམིགས་བསལ་གལ་འགངས་ཆེ་བའི་ལོ་ཞིག་ཡིན། སང་ལོའི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པར་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། ཐེངས་གསུམ་པ། ཐེངས་བཞི་བ། ཐེངས་ལྔ་བ་བཅས་ཀྱི་དགོངས་དོན་ལག་ལེན་དངོས་འབེབ་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་དགོངས་གཞི་རྒྱུན་འཁྱོངས་བྱེད་དགོས། འཕེལ་རྒྱས་དུས་རིམ་གསར་བར་རྐང་བཙུགས་ནས་འཕེལ་རྒྱས་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཕེལ་རྒྱས་རྣམ་པ་གསར་བ་གསར་འཛུགས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བརྗོད་སྙིང་དུ་བྱེད་པ་དང་། མཁོ་འདོན་གྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་སྙིང་བོར་བྱེད་པ། བཅོས་བསྒྱུར་གསར་གཏོད་གཞི་རྩའི་སྒུལ་ཤུགས་སུ་བྱེད་པ། མི་དམངས་ཀྱི་ཉིན་རེར་འཕར་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་མཁོ་བསྐང་བ་གཞི་རྩའི་དམིགས་ཡུལ་དུ་བྱས་ནས། མ་ལག་འདུ་ཤེས་རྒྱུན་འཁྱོངས་བྱས་ཤིང་། རིམས་འགོག་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་བཀོད་འདོམ་བྱེད་དགོས། གཏན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབ་པ་དང་། ཕྱོགས་ཡོངས་ནས་འགན་སྲུང་དྲུག་གི་ལས་འགན་དངོས་འབེབ་བྱེད་པ། ཚན་རིག་གནད་འཁེལ་གྱིས་ཆེ་མཐོང་སྲིད་ཇུས་ལག་བསྟར་བྱས་ནས་ཧུར་ཐག་སྒོས་དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་བར་སྟོང་དུ་སྲུང་འཛིན་བྱེད་དགོས་ལ། ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་རྒྱུན་འཁྱོངས་དང་ཚན་རྩལ་འཐབ་ཇུས་ཀྱི་གཞོགས་འདེགས་ཇེ་དྲག་ཏུ་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་དེ། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་མགོ་བཟང་བོར་རྩོམ་པར་འགན་སྲུང་བྱས་ནས། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་བཙུགས་ནས་ལོ་ངོ་བརྒྱ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་དགོས། 

གྲོས་ཚོགས་ནས་འཕེལ་རྒྱས་རྣམ་པ་གསར་བ་འཛུགས་པར་སང་ལོར་མགོ་བཟང་བོ་བརྩམས་ནས་སྣང་ཚུལ་གསར་བ་ལྡན་པར་བྱེད་དགོས་པའི་རེ་བ་བཏོན། རྒྱལ་ནང་གི་འཁོར་སྐྱོད་ཆེན་མོ་གཙོ་བྱས་ཤིང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་ཟུང་གིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་རྣམ་པ་གསར་བ་མྱུར་དུ་འཛུགས་དགོས་པ་དང་། མཁོ་འདོན་གྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ཅེས་པའི་སྙིང་བོ་དེ་དམ་འཛིན་བྱེད་དགོས་ལ། དགོས་མཁོའི་དོ་དམ་ལ་དོ་སྣང་བྱས་ཏེ་བར་ཆད་སེལ་བ་དང་ཞན་ཆ་ཁ་གསབ་བྱེད་དགོས། ཐོན་སྐྱེད་དང་བགོ་བཤའ། འཁོར་རྒྱུག འཛད་སྤྱོད་བཅས་ལས་རིམ་སོ་སོར་བརྒྱུད་ནས་དགོས་མཁོ་ཡིས་མཁོ་འདོན་ལ་སྣེ་ཁྲིད་བྱེད་པ་དང་མཁོ་འདོན་གྱིས་དགོས་མཁོ་གསར་གཏོད་བྱེད་པའི་ཆུ་ཚད་སྔར་ལས་མང་བའི་འགུལ་རྣམ་དོ་མཉམ་ཆགས་པར་བྱས་ཏེ། རྒྱལ་དམངས་དཔལ་འབྱོར་མ་ལག་གི་སྤྱིའི་བྱེད་ནུས་མཐོར་འདེགས་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་ནས་འཕེལ་རྒྱས་ཀྱི་ནང་གི་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། གནད་འགག་གི་གནས་རེ་འགར་ཤུགས་བཏོན་ནས་ནུས་པ་ཐོན་པར་བྱས་རྗེས་བྱེ་བྲག་གིས་ཁྱོན་ཡོངས་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་ཐོན་པར་བྱེད་དགོས། 

གྲོས་ཚོགས་ནས་སང་ལོར་གཤམ་གྱི་ལས་འགན་གལ་ཆེན་དག་དམ་འཛིན་བྱེད་དགོས་པ་གཏན་འཁེལ་བྱས། གཅིག་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་དགོས་པ་དང་། གཉིས་ནས་ཐོན་ལས་མུ་འབྲེལ་དང་མཁོ་འདོན་མུ་འབྲེལ་གྱི་རང་བདག་ཚོད་འཛིན་ནུས་པ་ཇེ་དྲག་ཏུ་གཏོང་དགོས། གསུམ་ནས་ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་གཞི་གནས་རྒྱུན་འཁྱོངས་བྱེད་དགོས། བཞི་ནས་ཕྱོགས་ཡོངས་ནས་བཅོས་བསྒྱུར་སྒོ་འབྱེད་ལ་ཡར་སྐུལ་གཏོང་དགོས། ལྔ་ནས་ས་བོན་དང་རྨོ་ཞིང་བར་གྱི་གནད་དོན་ཐག་གཅོད་བཟང་བོ་བྱེད་དགོས། དྲུག་ནས་སྒེར་སྡེམ་ལ་ངོ་རྒོལ་དང་མ་རྩ་གོ་རིམ་མེད་པར་རྒྱ་བསྐྱེད་པ་སྔོན་འགོག་བྱེད་པར་ཤུགས་སྣོན་དགོས། བདུན་ནས་གྲོང་ཁྱེར་ཆེན་མོའི་སྡོད་ཁང་གི་འབུར་ཐོན་གནད་དོན་ཐག་གཅོད་བཟང་བོ་བྱེད་དགོས། བརྒྱད་ནས་ཐན་གྱི་གནོད་པ་ཇེ་ཉུང་དུ་གཏོང་བའི་བྱ་བ་བཟང་བོར་བསྒྲུབ་དགོས། 

གྲོས་ཚོགས་ནས་བསྟན་དོན། མི་རབས་འགའ་ཡིས་རྒྱུན་འཁྱོངས་ལྷོད་མེད་དང་མུ་མཐུད་འབད་འཐབ་བྱས་ཏེ། རང་རྒྱལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཐུབ་ལ་ཉེ། དེ་ནི་འཚོ་བ་གསར་བ་དང་འབད་འཐབ་གསར་བ་ཞིག་གི་མགོ་རྩོམ་ས་ཡིན་པས་མུ་མཐུད་དུ་དཀའ་སྤྱད་འབད་འཐབ་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་བྱས་ནས། གཞི་རྒྱ་ཆེ་བའི་ཡང་བསྐྱར་དབུལ་འགྱུར་གྱི་སྣང་ཚུལ་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས། 

གྲོས་ཚོགས་ནན་གྱིས་བསྟན་དོན། དཔལ་འབྱོར་འཁོར་རྒྱུག་དེ་ལུགས་མཐུན་གྱི་བར་སྟོང་དུ་སྲུང་འཛིན་བྱེད་པར་སྐུལ་འདེད་གཏོང་བ་དང་། མུ་མཐུད་དུ་གཏན་འཇགས་དྲུག་དང་འགན་སྲུང་དྲུག་གི་བྱ་བ་བཟང་བོར་བསྒྲུབས་ཏེ། ལུགས་མཐུན་གྱིས་ཆེ་མཐོང་ཚོད་འཛིན་སྙོམས་སྒྲིག་གི་འགྲོས་སྟངས་དང་ཤུགས་ཚད་དམ་འཛིན་སྒོས་གནད་འཁེལ་ནུས་ལྡན་གྱིས་ཆེ་མཐོང་སྲིད་ཇུས་ལག་བསྟར་བྱེད་དགོས། 

གྲོས་ཚོགས་ནས་བསྟན་དོན། འཕེལ་རྒྱས་དུས་རིམ་གསར་བར་འཚམ་པ་དང་འཕེལ་རྒྱས་འདུ་ཤེས་གསར་བ་ལག་བསྟར། འཕེལ་རྒྱས་རྣམ་པ་གསར་བ་འཛུགས་སྐྲུན་བཅས་བྱེད་དགོས་ན། ངེས་པར་དུ་ཏང་གི་ཕྱོགས་ཡོངས་མགོ་ཁྲིད་ལ་ཤུགས་སྣོན་བྱས་ཏེ། ཆབ་སྲིད་ཀྱི་མིག་མདངས་བཀོལ་ནས་ལྟ་ཞིབ་དང་དཔལ་འབྱོར་སྤྱི་ཚོགས་གནད་དོན་ལ་དབྱེ་ཞིབ་བྱས་ནས། ངེས་པར་དོན་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དེ་དཔལ་འབྱོར་བྱ་བའི་ཕྱོགས་སོ་སོར་ལག་བསྟར་བྱེད་དགོས། 

གྲོས་ཚོགས་ནས་ཏང་ཡོངས་ཀྱི་བློ་མཐུན་དག་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཤིང་། སེམས་ཤུགས་གཅིག་སྒྲིལ་གྱིས་གསར་གཏོད་བརྩོན་ལེན་བྱེད་དགོས་ལ། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་བཙུགས་ནས་ལོ་ངོ་བརྒྱ་འགོར་བར་བསུ་བ་བྱེད་དགོས་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཀྲུང་གོའི་ཕུགས་འདུན་གྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན། དེ་མིན་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་གྲོས་ཚོགས་ལ་ཞུགས། 

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་སོ་དང་། འཆར་གཞིའི་ནང་བཀོད་པའི་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་སྲིད་ཏང་གི་འགན་ཁུར་བློ་མཐུན་གཙོ་བོ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། འབྲེལ་ཡོད་མི་དམངས་ཚོགས་ཁག ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་ལོར་ལས་ཁུངས་དང་ཁེ་ལས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་སྡེ་ཁག་སོ་སོའི་འགན་ཁུར་བློ་མཐུན་སོགས་གྲོས་ཚོགས་ལ་ཞུགས། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།