ཀྲུང་གོ་བོད་ཀྱི་དྲ་བ།

2019ལོར་རྒྱལ་ཁབ་ཀྱི་ནོར་སྲིད་རང་བཞིན་གྱི་སློབ་གསོའི་འགྲོ་གྲོན་གཏོང་སྒོ་སྒོར་དུང་ཕྱུར་ཁྲི4ལས་ཐོག་མར་ཚད་བརྒལ་བྱུང་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-12-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་ཀྱི་ནོར་སྲིད་རང་བཞིན་གྱི་སློབ་གསོའི་གྲོན་དངུལ་གཏོང་སྒོ་2019ལོར་སྒོར་དུང་ཕྱུར་ཁྲི་4ལས་ཐོག་མར་ཚད་བརྒལ་བྱུང་ནས་ལོར་ཆ་སྙོམས་8.2%འཕར་བ་དང་GDPཡི་བསྡུར་ཚད་4.04%ཟིན་ནས་བསྟུད་མར་ལོ་བརྒྱད་4%ཡན་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

སློབ་གསོ་པུའུ་ནོར་དོན་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། གྲུབ་འབྲས་འདི་ནི་དཔལ་འབྱོར་མར་འགྲིབ་ཀྱི་གནོན་ཤུགས་ཇེ་ཆེར་སོང་བ་དང་ནོར་སྲིད་གཏོང་ཡོང་གི་འགལ་བ་མངོན་གསལ་དོད་པའི་གནས་ཚུལ་འོག་ཐོབ་པ་ཞིག་ཡིན་པས་དངོས་གནས་ལས་སླ་པོ་ཞིག་མ་ཡིན་པ་དེ་ཐོག་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སློབ་གསོའི་བྱ་གཞག་དམིགས་སུ་བཀར་ནས་སྔོན་ལ་འཕེལ་རྒྱས་གཏོང་བ་དང་སློབ་གསོའི་མ་དངུལ་སྔོན་ལ་འགན་ལེན་བྱེད་པའི་ཆོད་སེམས་གང་ལེགས་མཚོན་ཡོད་པ་དང་འབྲེལ་རྒྱལ་ཡོངས་ནོར་སྲིད་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་སློབ་གསོའི་གཏོང་སྒོ་འཕར་བ་ལས་ཆག་མེད་པ་དང་། 2019ལོའི་རྒྱལ་ཡོངས་ནོར་སྲིད་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་སློབ་གསོའི་གཏོང་སྒོ་སྒོར་དུང་ཕྱུར་ཁྲི་3.5ཟིན་པ་དེ་2015ལོའི་ལྡབ་1.34ཡིན་པ་དང་ལོ་རེར་ཆ་སྙོམས་7.6%འཕར་ཡོད་པ་རེད། རྒྱལ་ཡོངས་ཀྱི་སློབ་མ་ཚང་མར་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་སློབ་གསོའི་གཏོང་སྒོ་འཕར་བ་ལས་ཆག་མེད་ཅིང་། 2019ལོར་རིམ་ཁག་སློབ་གསོས་སློབ་གྲྭར་འགྲོ་མུས་ཀྱི་སློབ་མའི་མི་གྲངས་ལྟར་ཆ་སྙོམས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་སློབ་གསོའི་གཏོང་སྒོ་བུ་བཅོལ་ཁང་ལ་སྒོར་8615དང་། སློབ་ཆུང་དཀྱུས་མར་སྒོར་11949དམའ་རིམ་སློབ་འབྲིང་དཀྱུས་མར་སྒོར་17319 མཐོ་རིམ་སློབ་འབྲིང་དཀྱུས་མར་སྒོར་17821 འབྲིང་རིམ་ལས་རིཌ་སློབ་གྲྭར་སྒོར་17282 མཐོ་སློབ་དཀྱུས་མར་སྒོར་23453བཅས་ཁག་སོ་སོར་བཏང་བ་དེའི་ལོའི་ཆ་སྙོམས་འཕར་ཚད་12.8%དང་། 5.6% 6.6% 9.4% 6.8% 4.8%བཅས་ཁག་སོ་སོར་ཟིན་པ་རེད།

སློབ་གསོ་པུའུ་ནོར་དོན་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། 2016ལོ་ནས་2019ལོ་བར་རྒྱལ་ཁབ་ནོར་སྲིད་རང་བཞིན་གྱི་སློབ་གསོའི་གྲོན་དངུལ་བེད་སྤྱོད་བྱས་ཚུལ་ནས་བལྟས་ན། གཅིག་ནས“གཞི་རྩ་འགན་ལེན་བྱས་པ”མངོན་ཡོད་ཅིང་། རིམ་ཁག་སློབ་གསོའི་དབར་འོས་འགན་སློབ་གསོའི་བསྡུར་ཚད་མཐོ་ཤོས་ཡིན་པ་དང་། 2019ལོར་རྒྱལ་ཁབ་ནོར་སྲིད་རང་བཞིན་གྱི་སློབ་གསོའི་གྲོན་དངུལ་ནང་འོས་འགན་སློབ་གསོར་སྤྱོད་པའི་གྲོན་དངུལ་གྱིས་52.7%བཟུང་བ་དེ་ལོ་བཞིའི་ནང་ཐོག་མཐའ་བར་གསུམ་དུ་53%ཡས་མས་རྒྱུན་འཁྱོངས་ཐུབ་ཡོད་པ་དང་། གཉིས་ནས“ཞན་ཆ་སེལ་བ”མངོན་ཡོད་ཅིང་། སློབ་ཞུགས་གོང་གི་སློབ་གསོའི་ནོར་སྲིད་རང་བཞིན་གྱི་འགྲོ་གྲོན་ལོ་རེར་ཆ་སྙོམས་15.4%འཕར་ནས་རིམ་ཁག་སློབ་གསོའི་ཁྲོད་འཕར་མགྱོགས་ཤོས་ཡིན་པ་དང་། རྒྱལ་ཁབ་ཀྱི་ནོར་སྲིད་རང་བཞིན་གྱི་སློབ་གསོའི་གྲོན་དངུལ་གྱི་བཟུང་བའི་བསྡུར་ཚད་དེ་2015ལོར་4%ཡང་མ་ཟིན་པ་ནས་2019ལོའི་5%བར་འཕར་ནས་རིམ་ཁག་སློབ་གསོའི་ཁྲོད་ཀྱི་འཕར་ཚད་ཆེ་ཤོས་ཡིན་པ། གསུམ་ནས“དྲང་གཞག་ལ་སྐུལ་འདེད་གཏོང་བ”མངོན་ཡོད་ཅིང་། ཀྲུང་དབྱང་གིས་ས་གནས་ཀྱི་སློབ་གསོའི་སྤོ་སྒྱུར་གཏོང་སྤྲོད་མ་དངུལ་གྱི་80%ཡན་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་དུ་སྤྱོད་པ་དང་། “ཁུལ་གསུམ་དང་ཀྲོའུ་གསུམ”སོགས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ནོར་སྲིད་རང་བཞིན་གྱི་སློབ་གསོའི་གྲོན་དངུལ་ལོར་ཆ་སྙོམས་10.9%འཕར་ནས་རྒྱལ་ཡོངས་ཀྱི་ལོའི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་གྲངས་2.7མཐོ་ཡོད་པ་རེད། སློབ་མར་རོགས་དངུལ་སྤྲོད་རྒྱུར་སྤྱད་པའི་ནོར་སྲིད་མ་དངུལ་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་5000(རིན་མེད་སློབ་དེབ་དང་འཚོ་བཅུད་ཁ་གསབ་ཚུད་མེད)ལྷག་ཙམ་ཟིན་ནས་ལོར་ཆ་སྙོམས་8.35%འཕར་ཡོད་པ། བཞི་ནས“སྤུས་ཚད་མཐོ་རུ་གཏོང་བ”མཚོན་ཡོད་ཅིང་། དགེ་རྒན་དང་ལས་བཟོའི་འགྲོ་སོང་62%ཟིན་པ་དེ་2015ལོ་ལས་བརྒྱ་ཆའི་གྲངས་5ཙམ་འཕར་ཡོད་པ་དང་། གཏོང་སྒོའི་གཙོ་གནད་དེ་མཁྲེགས་ཆས་འཛུགས་སྐྲུན་ནས་མཉེན་ཆས་འཛུགས་སྐྲུན་ལ་འགྱུར་ལྡོག་བྱུང་ནས་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྔར་བས་མཐོང་ཆེན་བྱས་ཡོད་པ་བཅས་རེད།

“4%ཡི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་ཕྱིན་པ་དང་བསྟུན་ནས་རྒྱལ་ཁབ་ཀྱི་ནོར་སྲིད་རང་བཞིན་གྱི་སློབ་གསོའི་གྲོན་དངུལ་དེ་2019ལོར་སྒོར་དུང་ཕྱུར་ཁྲི་4ལས་ཐོག་མར་ཚད་བརྒལ་བྱུང་ནས་རྒྱལ་ཡོངས་ཀྱི་སློབ་གསོའི་གྲོན་དངུལ་གཏོང་གྲངས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་5ལས་ཐོག་མར་བརྒལ་བར་སྐུལ་ཁྲིད་ནུས་ལྡན་བྱས་པ་དང་། འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་རྒྱལ་དམངས་སློབ་གསོའི་མ་ལག་ལ་འདེགས་སྐྱོར་བྱེད་པ། འཛམ་གླིང་ཐོག་ཁྱབ་རྒྱ་ཆེ་ཤོས་ཀྱི་སློབ་མར་རོགས་དངུལ་སྤྲོད་པའི་མ་ལག་འཛུགས་པ་བཅས་བྱས་ནས་རང་རྒྱལ་གྱི་སློབ་གསོ་སྤྱི་ཡོངས་ནས་འཕེལ་རྒྱས་འགྲོ་བའི་ཆུ་ཚད་འཛམ་གླིང་གི་མདུན་གྲལ་དུ་སླེབས་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། གྲོན་དངུལ་སྤྱོད་པའི་གྲུབ་ཆ་རིམ་བཞིན་ལེགས་སུ་ཕྱིན་པ་དང་ཆབས་ཅིག་སློབ་གསོ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རིང་སློབ་གསོའི་ཐད་མ་དངུལ་བཏང་བ་དེས་སློབ་གསོ་འཕེལ་རྒྱས་ལ་འགན་ལེན་དང་། སློབ་གསོ་སྒྱུར་བཅོས་ལ་སྐུལ་འདེད། སློབ་གསོ་དྲང་སྙོམས་ཡོང་བར་སྐུལ་འདེད། སློབ་གསོའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་ཀྱི་སྲིད་ཇུས་ཀྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད”ཅེས་སློབ་གསོ་པུའུ་ནོར་དོན་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།