ལིས་ཀྲན་ཧྲུའུ་ཡིས་འཇར་པན་དམངས་གྲོས་ཁང་གི་གྲོས་དཔོན་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་བཅོ་ལྔ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བརྙན་རིས་ཀྱི་རྣམ་པས་འཇར་པན་དམངས་གྲོས་ཁང་གི་གྲོས་དཔོན་ཏཱ་ཏའོ་ལི་སིན་དང་གྲོས་མོལ་མཛད། 

ལིས་ཀྲན་ཧྲུའུ་ཡིས་གསུངས་དོན། ཀྲུང་གོ་དང་འཇར་པན་གཉིས་བར་ཐུན་མོང་གི་ཁེ་ཕན་དང་མཉམ་ལས་ཀྱི་བར་སྟོང་རྒྱ་ཆེན་པོ་ཡོད། ད་ལོའི་ཟླ་དགུ་བར་འཇར་པན་གྱི་སྲིད་གཞུང་གསར་བ་བཙུགས་པའི་རྗེས་སུ། ཀྲུའུ་ཞི་ཞི་ཅིན་ཕིང་དང་དབུ་བཞུགས་བློན་ཆེན་ཅན་དབྱེ་ཝེ་གཉིས་ཀྱིས་ཁ་པར་གྲོས་མོལ་མཛད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མ་འོངས་པའི་འཕེལ་རྒྱས་ལ་འཆར་འགོད་དང་ཁ་ཕྱོགས་གསལ་བོར་བསྟན། ཀྲུང་གོའི་ཕྱོགས་ཀྱིས་འཇར་པན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་འཐབ་ཇུས་ཁྲིད་སྟོན་བརྩི་སྲུང་བྱས་ཤིང་། ཀྲུང་གོ་དང་འཇར་པན་གྱི་ཆབ་སྲིད་ཡིག་ཆ་བཞིའི་རྩ་དོན་སྣ་ཚོགས་དང་ཕྱོགས་གཉིས་ཀྱི་འབྲེལ་ཡོད་ཐུན་མོང་དགོངས་དོན་གཞིར་བཟུང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཞི་བདེ་མཛའ་མཐུན་དང་མཉམ་ལས་གཉིས་ཕན་གྱི་ཡང་དག་བགྲོད་ལམ་སྟེང་གཏན་འཇགས་ངང་བསྐྱོད་པར་སྐུལ་འདེད་གཏོང་བ་དང་། མཐུན་སྦྱོར་ལ་ཤུགས་སྣོན་བྱས་ནས་འཛམ་གླིང་ཡོངས་ཀྱི་གནད་དོན་གཙོ་བོ་ཐག་གཅོད་བྱེད་པ་དང་ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་ཚོང་གི་སྒྲིག་ལུགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས་ལ། ཧུར་ཐག་སྒོས་དུས་རབས་གསར་བའི་རེ་བ་དང་འཚམ་པའི་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་བཙུགས་ཏེ། ས་ཁུལ་དང་འཛམ་གླིང་ཡོངས་ལ་གཏན་འཇགས་རང་བཞིན་དང་དྲང་ཕྱོགས་ནུས་ཚད་འདོན་དགོས་ཞེས་གསུངས། 

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཀྲུང་གོ་དང་འཇར་པན་གྱིས་ཕན་ཚུན་རོགས་སྐྱོར་བྱས་ཤིང་ལག་རྡང་སྦྲེལ་ནས་རིམས་འགོག་བྱས་ཏེ། དཀའ་སྡུག་མཉམ་མྱོང་དང་ཕན་ཚུན་རོགས་རེས་བྱེད་པའི་མཛའ་བཤེས་མངོན་པར་བྱས་ཡོད། ཕྱོགས་གཉིས་ཀྱིས་རིམས་འགོག་རྒྱུན་རྣམ་ཅན་ལ་རྐང་བཙུགས་ནས་རིམས་འགོག་དང་དངོས་གཉེར་མཉམ་ལས་ལ་གཅིག་གྱུར་བཀོད་འདོམ་བྱེད་པ་དང་། རིམས་ནད་རྗེས་ཀྱི་མཉམ་ལས་འཕར་སྣོན་གནད་ས་གསར་བསྐྲུན་བྱེད་དགོས། རྒྱལ་ཁབ་གཉིས་ཀྱིས་སང་ལོ་དང་དེའི་རྗེས་ལོར་བསྟུད་མར་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སྤེལ་བའི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་སྤྱི་ཚོགས་ཀྱི་དམངས་སེམས་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་ཞེས་གསུངས། 

ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། ཁྲིམས་འཛུགས་ལས་ཁུངས་ཀྱི་བརྗེ་རེས་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་དམིགས་བསལ་ནུས་པ་འདོན་སྤེལ་བྱས་ཡོད། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་འཇར་པན་རྒྱལ་ཚོགས་ཀྱི་མཛའ་མཐུན་བརྗེ་རེས་ཐད་འབྲེལ་འདྲིས་ཀྱི་རྣམ་པ་བཟང་བོ་བྱུང་ཡོད། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཁྲིམས་འཛུགས་ལས་ཁུངས་ཀྱི་མགོ་ཁྲིད་པ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་། མཛའ་མཐུན་ཚན་ཆུང་། དམངས་ཆེན་འཐུས་མི། གྲོས་མི་བཅས་རིམ་པ་མང་བོའི་བར་གྱི་དུས་རྒྱུན་རང་བཞིན་གྱི་འབྲེལ་འདྲིས་བརྗེ་རེས་ལ་ཤུགས་སྣོན་བྱེད་པ་དང་། རྒྱལ་ནང་གི་གླེང་ཕྱོགས་དང་དམངས་སེམས་ལ་སྣེ་ཁྲིད་ཡང་དག་བྱས་ཏེ། ཀྲུང་གོ་དང་འཇར་པན་གྱི་འབྲེལ་བའི་འཕེལ་རྒྱས་ཐད་སྣང་ཚུལ་བཟང་བོ་བསྐྲུན་དགོས་ཞེས་གསུངས། 

ཏཱ་ཏའོ་ལི་སིན་གྱིས་བཤད་རྒྱུར། འཇར་པན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ཐད་ནས་ཕན་ཚུན་རྒྱབ་སྐྱོར་བྱས། རྒྱལ་སྤྱིའི་གནས་བབ་ཀྱི་འགྱུར་ལྡོག་དང་རིམས་འགོག་སོགས་ཐུན་མོང་གི་འགྲན་རྩོད་མང་བོའི་མདུན་ནས། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་དང་བཅས་པའི་ཕྱོགས་སོ་སོའི་བརྗེ་རེས་ལ་ཤུགས་སྣོན་བྱེད་པ་དང་། ལྷག་བསམ་རྣམ་དག་གིས་གྲོས་མོལ་བྱས་ནས། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་ཡར་སྐུལ་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་ལེགས་སུ་གཏོང་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།