ཧན་ཀྲིན་གྱིས་མགོ་འཛིན་མཛད་དེ་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་རྟོག་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧན་ཀྲིན་གྱིས་ཚེས་བཅོ་ལྔ་ཉིན་མགོ་འཛིན་མཛད་དེ་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་གྱི་དགོངས་པ་དང་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བའི་གཏན་འཁེལ་དངོས་འབེབས་པར་མ་ཟད། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པ་དང་། རྗེས་མཐུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་རྟོག་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས། 

ཧན་ཀྲིན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་དོན་གྲུབ་ཆ་གལ་ཆེན་ཡིན་ཞིང་། ནང་དོན་ཕུན་སུམ་ཚོགས་པ་དང་མི་སེམས་འགུལ་བར་བྱེད་པ་ཡིན། ང་ཚོས་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ཏུ་བླངས་ཏེ། མཛེས་སྡུག་ཀྲུང་གོའི་འཛུགས་སྐྲུན་གྱི་བསམ་བློའི་རང་རྟོགས་དང་ཆབ་སྲིད་རང་རྟོགས། འགུལ་སྐྱོད་རང་རྟོགས་བཅས་ཇེ་དྲག་ཏུ་གཏོང་དགོས། མ་ལག་ལྟ་ཚུལ་རྒྱུན་འཁྱོངས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཚན་རིག་རང་བཞིན་དང་ཕན་ནུས་རང་བཞིན་ཇེ་མཐོར་བཏང་ནས། དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་གི་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། གནད་དོན་གྱི་ཡང་དག་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད་ལ་བཟོད་སྒོམ་གཏན་ནས་མེད་པ་དང་། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ཀྱི་སྤུས་ཚད་ཇེ་དྲག་ཏུ་བཏང་སྟེ། མི་དམངས་མང་ཚོགས་གཀྱི་ཉིན་རེར་ཇེ་དྲག་ཏུ་འགྲོ་བཞིན་པའི་མཛེས་སྡུག་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་བསྐང་དགོས་པར་བསྟན། 

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་བྱ་བ་བཟང་བོར་བསྒྲུབས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས། སྔར་ལས་ལྷག་པའི་སྒོ་ནས་བྱེད་ཐབས་ལེགས་བཅོས་དང་མངོན་ལྐོག་གཉིས་ནས་རྩད་ཞིབ་བྱེད་པ། རྒྱུན་རྣམ་ཅན་གྱི་གནོན་ཤུགས་སྲུང་འཛིན་བྱས་ཏེ། ཡོངས་ཁྱབ་རང་བཞིན་དང་མ་ལག་རང་བཞིན། མི་དམངས་མང་ཚོགས་བསམ་འཆར་ཆེ་བའི་གན་དོནད་བཅས་ལ་གཙོ་བོར་དམིགས་ནས་གནད་དོན་རྩད་གཅོད་པའི་དམིགས་སའི་རང་བཞིན་ཇེ་མཐོར་གཏོང་དགོས།  ཁྲིམས་ལྟར་ལྟ་ཞིབ་བྱེད་པ་རྒྱུན་འཁྱོངས་དང་ལྟ་ཞིབ་ལམ་ལུགས་ཀྱི་ཚད་ལྡན་མ་ལག་འཐུས་ཚང་དུ་བཏང་ནས། མུ་མཐུད་དུ་གྲོས་བསྡུར་རང་བཞིན་གྱི་ལྟ་ཞིབ་བྱ་བ་གཏིང་ཟབ་ཏུ་སྤེལ་ཏེ། སྡེ་ཁག་གི་སྲིད་ཇུས་འཆར་འགོད་མ་ལག་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་དགོས། འབུར་ཐོན་གནད་དོན་གྱི་ལེགས་བཅོས་དངོས་འབེབས་ལ་ཡར་སྐུལ་བྱས་ནས་ལེགས་བཅོས་བྱ་སྤྱོད་རྫུན་མར་རྩད་གཅོད་དང་ཐག་གཅོད་ནན་མོ་བྱེད་དགོས། ནུས་པའི་འཛུགས་སྐྲུན་དང་སྲིད་གཙང་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ནས། ལྟ་ཞིབ་དཔུང་ཁག་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་རུ་འདྲེན་པར་འགྱུར་བར་བྱེད་དགོས་ཞེས་གསུངས། 

ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གི་ཚན་གཙོ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུལན་བཅས་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།