ཀྲུང་གོ་བོད་ཀྱི་དྲ་བ།

བདེན་འཚོལ་དུས་དེབ་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་དུས་རབས་འགན་འཁྲི་མཉམ་ཁུར་གྱིས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ལ་མཉམ་དུ་ཡར་སྐུལ་བྱེད་ཅེས་པ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས16ཉིན་པར་བསྐྲུན་བྱེད་རྒྱུ་ཡིན་པའི་སྐབས་ཉེར་བཞི་བའི་བདེན་འཚོལ་དུས་དེབ་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་དུས་རབས་འགན་འཁྲི་མཉམ་ཁུར་གྱིས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ལ་མཉམ་དུ་ཡར་སྐུལ་བྱེད་ཅེས་པ་སྤེལ། 

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། དཔལ་འབྱོར་འཛམ་གླིང་ཅན་ནི་སྤྱི་ཚོགས་ཐོན་སྐྱེད་ནུས་པའི་འཕེལ་རྒྱས་ཀྱི་དངོས་ཡོད་རེ་བ་དང་ཚན་རྩལ་གོང་འཕེལ་གྱི་དགོས་ངེས་མཇུག་འབྲས་ཡིན་ཞིང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་ཐད་སྒུལ་ཤུགས་ཆེན་པོ་འདོན་སྤེལ་བྱེད་པ་དང་། ཚོང་རྫས་དང་མ་རྩའི་འཁོར་རྒྱུག  ཚན་རྩལ་དང་དཔལ་ཡོན་གོང་འཕེལ། རྒྱལ་ཁབ་སོ་སོའི་མི་དམངས་འགྲོ་འོང་བཅས་ལ་ཡར་སྐུལ་གཏོང་དགོས། འཛམ་གླིང་ཡོངས་ལ་གནོད་པ་བཟོ་བའི་གནད་དོན་དེ་དཔལ་འབྱོར་འཛམ་གླིང་ཅན་གྱི་སྐྱོན་དུ་བརྗོད་པ་ནི་དོན་དངོས་དང་མི་མཐུན་ལ། གནད་དོན་ཐག་གཅོད་བྱེད་པར་ཡང་ཕན་ཐོགས་མེད། དཔལ་འབྱོར་འཛམ་གླིང་ཅན་ལས་བྱུང་བའི་གོ་སྐབས་དང་འགྲན་རྩོད་མདུན་ནས་ཡང་དག་པའི་གདམ་གསེས་ནི་གོ་སྐབས་གང་རུང་དམ་འཛིན་བྱེད་པ་དང་། མཉམ་ལས་བྱས་ནས་འགྲན་རྩོད་གང་རུང་ཐག་གཅོད་བྱས་ཏེ། དཔལ་འབྱོར་འཛམ་གླིང་ཅན་གྱི་འཕེལ་ཕྱོགས་ལ་ཁྲིད་སྟོན་གང་ལེགས་བྱེད་དགོས་ཞེས་བསྟན། 

རྩོམ་ཡིག་ལས་བསྟན་དོན། མིག་སྔར་ཆེས་ཆེ་བའི་ལས་འགན་ནི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ལ་སྣེ་ཁྲིད་བྱས་ཏེ་དཀའ་ཁག་ལས་ཐར་བར་བྱེད་རྒྱུ་དེ་ཡིན། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དུས་ཡུན་རིང་བོར་ཉམས་ཞན་ཡིན་པ་དང་། དབུལ་ཕྱུག་བར་ཁྱད་ཆེ་ལ། དར་རྒྱས་ཆེ་བའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་བར་ཁྱད་སྔར་ལས་འབུར་ཐོན་དུ་མངོན་ཡོད། དེའི་རྩ་བའི་འབྱུང་རྐྱེན་ནི་དཔལ་འབྱོར་ཁྱབ་ཁོངས་ཀྱི་འཛམ་གླིང་ཡོངས་ཀྱི་འཕར་སྣོན་སྒུལ་ཤུགས་མི་འདང་བ་དང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བཅོས་སྐྱོང་རྗེས་ལུས་ཡིན་པ། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་དོ་མཉམ་མིན་པ་བཅས་འབུར་ཐོན་འགལ་བ་ཆེན་པོ་གསུམ་ནུས་ལྡན་གྱིས་ཐག་གཅོད་ཐོབ་མེད་པས་ཡིན། ང་ཚོར་གནད་དོན་དབྱེ་ཞིབ་བྱེད་པའི་བློ་གྲོས་དགོས་པར་མ་ཟད་འགུལ་སྐྱོད་སྤེལ་བའི་བློ་སྤོབས་ཀྱང་མཁོ་བ་ཡིན་ཞེས་བསྟན། 

རྩོམ་ཡིག་ལས་བསྟན་དོན། ཀྲུང་གོའི་འཕེལ་རྒྱས་ཀྱི་གནད་འགག་ནི་ཀྲུང་གོའི་མི་དམངས་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་གི་མགོ་ཁྲིད་འོག ཀྲུང་གོའི་རྒྱལ་ནང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་ཞིག་བསྙེག་པ་དང་། དེ་ནི་རྒྱལ་ཁབ་རང་གི་གནས་ཚུལ་ལ་གཞིགས་ནས་གཏན་འཁེལ་བྱས་པའི་བགྲོད་ལམ་ཅིག་ཡིན་ལ། དེ་ནི་མི་དམངས་ཀྱི་ཁེ་ཕན་གཙོར་བཟུང་བའི་བགྲོད་ལམ་ཅིག་དང་བཅོས་བསྒྱུར་གསར་གཏོད་ཀྱི་བགྲོད་ལམ་ཅིག་ཡིན་པར་མ་ཟད། སྒོ་འབྱེད་ཁྲོད་ནས་ཐུན་མོང་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བགྲོད་ལམ་ཅིག་ཀྱང་ཡིན། ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་ཡོངས་ཀྱི་གོ་སྐབས་ཡིན་པ་དང་། ཀྲུང་གོ་ནི་དཔལ་འབྱོར་འཛམ་གླིང་ཅན་གྱི་ཁེ་ཕན་རེག་མཁན་ཡིན་ལ། བྱས་རྗེས་འཇོག་མཁན་ཀྱང་ཡིན། ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཁེ་ཕན་ཉམས་སུ་མྱོང་བར་དགའ་བསུ་ཞུ་བཞིན་ཡོད་ཅེས་བསྟན། 

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། མིའི་རིགས་ཀྱི་དཔལ་ཡོན་གོང་འཕེལ་བགྲོད་ལམ་ལ་བདེ་སྙོམས་ཀྱི་ལམ་ཆེན་ཞིག་གཏན་ནས་མེད་པ་དང་། མིའི་རིགས་ཀྱིས་དཀའ་ཁག་དང་འཐབ་རྩོད་བྱས་ནས་མདུན་བསྐྱོད་བྱེད་པ་ཡིན། དཀའ་ཁག་དང་འཕྲད་ན་རང་ཉིད་ལ་ལེ་བདའ་བྱེད་མི་རུང་བ་དང་། མི་གཞན་པར་ཡང་ལེ་བདའ་བྱེད་མི་རུང་། ཡིད་ཆེས་འདོར་མི་རུང་ལ་འགན་འཁྲི་ཡོལ་མི་རུང་བར་མཉམ་དུ་དཀའ་ཁག་ལས་རྣམ་པར་རྒྱལ་བར་བྱེད་དགོས། ཡིད་ཆེས་ཆེན་པོས་འགུལ་སྐྱོད་སྤེལ་བ་དང་། ལག་རྡང་སྦྲེལ་ནས་མ་འོངས་པའི་ཕྱོགས་སུ་མདུན་སྐྱོད་བྱེད་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།