ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། སྲིད་དོན་ཞབས་ཞུའི་མང་ཚོགས་ལ་སྟབས་བདེ་བཟོ་བའི་སྐུད་ལམ་ལེགས་སྒྱུར་བྱས་ཏེ། ཁེ་ལས་དང་མང་ཚོགས་ལ་སྟབས་བདེ་བཟོ་བར་ཞབས་ཞུ་བསྒྲུབ་པའི་ཕན་ནུས་དང་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ་བཀོད་སྒྲིག་བྱས་ཤིང་། རྒྱལ་ཡོངས་སུ་ནོར་རྫས་དང་ཁེ་དབང་འགན་ལེན་གཅིག་གྱུར་ཐོ་འགོད་བྱེད་པ་ལག་བསྟར་བྱས་ནས། ཁེ་ལས་ཀྱི་འགན་ལེན་དངུལ་བསྡུ་ལ་རོགས་འདེགས་བྱེད་རྒྱུ་ཐག་བཅད་པ་དང་། ཁེ་ལས་ཀྱི་མིང་ཐོ་འགོད་བྱེད་པའི་དོ་དམ་གཏན་འཁེལ་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་ནས་ཁེ་ལས་ཀྱི་མིང་ཐོ་འགོད་བྱེད་པར་སྟབས་བདེ་བཟོས་པ་དང་ཚད་ལྡན་དུ་བཏང་།

ཚོགས་ཐོག་ནས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞབས་ཞུ་རང་བཞིན་གྱི་སྲིད་གཞུང་འཛུགས་སྐྲུན་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། སྲིད་དོན་ཞབས་ཞུའི་མང་ཚོགས་ལ་སྟབས་བདེ་བཟོ་བའི་སྐུད་ལམ་དེ་ཐད་ཀར་དུ་ཁེ་ལས་དང་མང་ཚོགས་ལ་ཁ་ཕྱོགས་ཡོད་ལ། ཉེ་བའི་ལོ་འགའི་རིང་ལ། ཁེ་ལས་དང་མང་ཚོགས་ཀྱི་དཀའ་ཁག་སེལ་བའི་ཐད་ལ་ནུས་པ་ཆེན་པོ་བཏོན། རྗེས་ཕྱོགས་སུ་གློད་སྡོམ་ཞབས་གསུམ་བཅོས་སྒྱུར་ཟབ་སྤེལ་གྱི་རེ་བ་ལྟར། མིག་སྔར་སྲིད་དོན་ཞབས་ཞུའི་སྐུད་ལམ་ཨང་གྲངས་མང་བ་དང་དོན་དག་སྣ་ཚོགས་སྒྲུབ་དཀའ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་མང་ཚོགས་ལ་སྟབས་བདེ་བཟོ་བའི་སྐུད་ལམ་ལེགས་སྒྱུར་བྱེད་དགོས་ཟེར།

ཚོགས་ཐོག་ནས་ཁེ་ལས་ཀྱི་མིང་ཐོ་འགོད་བྱེད་པའི་དོ་དམ་གཏན་འཁེལ་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་སྟེ། ཁེ་ལས་ཀྱི་མིང་ཕལ་ཆེར་ཚད་ལྡན་དུ་གཏོང་བ་དང་རང་བདག་རེ་ཞུའི་ལམ་ལུགས་འཛུགས་རྒྱུ། རེ་ཞུ་མཁན་གྱིས་གཏན་འཁེལ་དང་མཐུན་པའི་མིང་འདེམ་ཆོག་པ་གཏན་ལ་ཕབ་ པར་མ་ཟད། མིང་གི་དབང་ཆར་བཙན་གནོད་བྱས་པའི་བྱ་སྤྱོད་ལ་བཅའ་ཁྲིམས་ཀྱི་འགན་འཁྲི་ཁུར་རྒྱུ་ཁས་ལེན་བྱེད་དགོས།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།