ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་པ་དང་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་བཅུ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ། ཉིས་སྟོང་ཉེར་གཅིག་ལོའི་དཔལ་འབྱོར་བྱ་བར་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཤིང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་བྱ་བའི་ཡར་ཞུ་ལ་ཉན་པ་དང་། ཉིས་སྟོང་ཉེར་གཅིག་ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པར་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གི་ས་གནས་རྩ་འཛུགས་འདེམ་བསྐོ་བྱ་བའི་སྲོལ་ཡིག་ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཚོགས་ཐོག་ནས་བསྟན་དོན། སང་ལོ་ནི་རང་རྒྱལ་དེང་རབས་ཅན་འཛུགས་སྐྲུན་གྱི་འཕེལ་རིམ་ཁྲོད་དུ་དམིགས་བསལ་དུ་གལ་ཆེ་བའི་ལོ་ཡིན་པས། དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན། སང་ལོའི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ། ལྔ་བ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་དགོས་ལ། འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་རྐང་བཙུགས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་པར་མ་ཟད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བརྗོད་དོན་གཙོ་བོར་འཛིན་པ་དང་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་གཙོ་ཐིག་ཏུ་འཛིན་པ། བཅོས་སྒྱུར་གསར་སྐྲུན་དེ་གཞི་རྩའི་སྒུལ་ཤུགས་སུ་བྱེད་པ། མི་དམངས་ཀྱི་ཉིན་རེར་འཕར་བའི་མཛེས་པའི་འཚོ་བའི་དགོས་མཁོ་སྐོང་བ་གཞི་རྩའི་དམིགས་འབེན་དུ་བཟུང་སྟེ་ཁོངས་གཏོགས་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་རིམས་ནད་འགོག་བཅོས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་ཅིང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་སྒོས་འཆར་འགོད་བཟང་བོ་བྱེད་པ་དང་མུ་མཐུད་དུ་བརྟན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབ་པ་དང་འགན་སྲུང་དྲུག་གི་ལས་འགན་དངོས་འབེབས་བཟང་བོ་བྱེད་དགོས་ལ། ཆེ་ཕྱོགས་སྲིད་ཇུས་དེ་ཚན་རིག་དང་མཐུན་ཞིང་གནད་ལ་ཁེལ་བའི་སྒོ་ནས་ལག་བསྟར་བྱེད་པ་དང་། ཧུར་ཐག་སྒོས་དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་གནས་སུ་སྲུང་འཛིན་བྱེད་པ། ནང་མཁོའི་འཐབ་ཇུས་རྒྱ་བསྐྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། ཚན་རྩལ་འཐབ་ཇུས་འདེགས་ཤུགས་ཇེ་ཆེར་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྒྱ་ཇེ་ཆེར་བཏང་ནས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་བཟང་བོ་ཞིག་ཚུགས་པར་འགན་སྲུང་བྱེད་པ་དང་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་ལོན་པར་རྟེན་འབྲེལ་ཞུ་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་སྐབས་ཀྱི་རང་རྒྱལ་འཕེལ་རྒྱས་ཐད་ལ་འཐབ་ཇུས་བཀོད་སྒྲིག་བྱས་ཤིང་། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་ཐད་ལ་རེ་བ་གསར་བ་བཏོན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་སྒྲུབ་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ། ལྔ་བ་བཅས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་དགོས་ལ། བློ་བརྟན་འགྱུར་མེད་སྒོས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས་པར་མ་ཟད། ལྷག་བསམ་རྣམ་དག་སྒོས་ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ལས་གནང་བའི་འགན་འཁྲི་ལག་བསྟར་བྱེད་པ་དང་།  ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ནུས་ལྡན་སྒོས་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བ། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ལ་དམིགས་ཏེ་འགན་སྲུང་ལག་བསྟར་ལ་ལྟ་སྐུལ་དང་འཐུས་ཚང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རུལ་སུངས་བྱེད་ཕོད་པ་དང་རུལ་སུངས་བྱེད་མི་ཉན་པ། རུལ་སུངས་བྱེད་མི་འདོད་པར་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས་ལ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་ཏན་ཏན་ཏིག་ཏིག་སྒོས་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་བར་སྟོབས་ལྡན་གྱི་ཁག་ཐེག་འདོན་སྤྲོད་བྱེད་དགོས་ཟེར།

དེའི་སྔོན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉི་ཤུ་ལོའི་བྱ་བའི་གནས་ཚུལ་དང་སྐབས་བཅུ་དགུ་བའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་གྲ་སྒྲིག་གནས་ཚུལ་ཡར་ཞུ་བྱས་པར་ཉན།

ཚོགས་ཐོག་ནས་སང་ལོའི་ཟླ་དང་པོའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་བཞི་ཉིན་བར་སྐབས་བཅུ་དགུ་བའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་འཚོགས་རྒྱུར་འཐད་པ་བྱུང་།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།