ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་བརྙན་རིས་བརྒྱུད་དེ་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཚོགས་ཀྱི་གྲོས་དཔོན་པུའུ་ཨན་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས10ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་བརྙན་རིས་བརྒྱུད་དེ་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཚོགས་ཀྱི་གྲོས་དཔོན་པུའུ་ཨན་དང་གྲོས་མོལ་མཛད།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ད་ལོར། པྲོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡས་ཕན་ཕུན་ལ་རོགས་རེས་བྱས་པ་དང་དཀའ་ཁག་ཁྱད་སེལ་བྱས་ཤིང་། སྲོལ་རྒྱུན་མཛའ་བཤེས་སྔར་ལས་ཇེ་ཟབ་ཏུ་བཏང་། ཞི་ཅིན་ཕིང་གིས་ཐེངས་གསུམ་ལ་ཙུང་ཐུང་ཙོ་ཁི་ལ་ཁ་པར་བཏང་ནས། རིམས་འགོག་མཉམ་ལས་དང་དཔལ་འབྱོར་སྔར་གསོ་བྱེད་པའི་ཐད་ནས་ཐུན་མོང་ལྟ་ཚུལ་གང་མང་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པ་གོ་སྐབས་སུ་བཟུང་སྟེ། རིམས་འགོག་དང་འཕེལ་རྒྱས་ཀྱི་གཙོ་ཐིག་ཆེན་པོ་གཉིས་ལ་དམིགས་ནས། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ལིས་ཀྲན་ཧྲུའུ་ཡིས་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བྱེད་པ་དང་ཁྲིམས་འཛུགས་ལས་ཁུངས་བར་གྱི་མཉམ་ལས་ལ་ཤུགས་སྣོན་པའི་ཐད་གྲོས་གཞི་བཞི་བཏོན། གཅིག རིམས་འགོག་མཉམ་ལས་ལ་ཤུགས་སྣོན་དགོས། གཉིས། མཛའ་མཐུན་འགྲོ་འོང་དམ་པོ་བྱེད་དགོས། གསུམ། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཇེ་མང་དུ་གཏོང་དགོས། བཞི། ཞི་བདེའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་བཅས་རེད།

པུའུ་ཨན་གྱིས་བཤད་རྒྱུར། ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོའི་བར་གྱི་མཛའ་མཐུན་འགྲོ་འོང་ཆུ་བོའི་རྒྱུན་བཞིན་རིང་། ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བའི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།