ཀྲུང་གོ་བོད་ཀྱི་དྲ་བ།

​ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ལས་རིགས་ལག་རྩལ་འགྲན་བསྡུར་སྐབས་དང་པོར་བསྐུར་བའི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-12-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རང་རྒྱལ་གྱི་ལས་རིགས་ལག་རྩལ་འགྲན་བསྡུར་སྐབས་དང་པོ་འགོ་ཚུགས་པའི་སྐབས་འདིར། ངས་འགྲན་བསྡུར་ཆེན་མོ་གཉེར་བར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་པ་ཡིན། འགྲན་ཞུགས་བདམས་ཐོན་པ་དང་རྒྱ་ཆེའི་ལག་རྩལ་ཤེས་ལྡན་མི་སྣ་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་ཡིན།

ལག་རྩལ་བཟོ་པའི་དཔུང་ཁག་ནི་ཀྲུང་གོས་བཟོ་སྐྲུན་དང་། ཀྲུང་གོས་གསར་སྐྲུན་བྱེད་པར་འདེགས་སྐྱོར་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། ལས་རིགས་ལག་རྩལ་འགྲན་བསྡུར་གྱིས་རྒྱ་ཆེའི་ལག་རྩལ་ཤེས་ལྡན་མི་སྣར་རྩེར་སོན་ནུས་རྩལ་མངོན་པ་དང་། ཕན་ཚུན་ལག་རྩལ་འགྲན་པའི་ལས་སྟེགས་ཤིག་ཀྱང་མཁོ་འདོན་བྱས་ཡོད་དེ། ལག་རྩལ་བཟོ་པའི་དཔུང་ཁག་རྒྱ་སྐྱེད་གཏོང་བ་དང་དཔལ་འབྱོར་སྤྱི་ཚོགས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ལྡན་པ་རེད། རྒྱ་ཆེའི་འགྲན་ཞུགས་བདམས་ཐོན་པས་འབད་འབུངས་ཡར་བརྩོན་དང་གྲུབ་འབྲས་བཟང་པོ་བརྩོན་ལེན་བྱས་ནས་དུས་རབས་གསར་པའི་ལག་རྩལ་ཤེས་ལྡན་པའི་ཉམས་འགྱུར་མངོན་པར་རེ་བ་ཡོད།

ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་ལག་རྩལ་ཤེས་ལྡན་མི་སྣའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ངལ་རྩོལ་དཔེ་བཟང་ཅན་གྱི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་སྟེ། ངལ་རྩོལ་པ་དེ་བས་མང་པོ་དང་ལྷག་པར་དུ་ན་གཞོན་མི་རབས་དག་ལག་རྩལ་ལ་བརྟེན་ནས་འཇོན་ཐང་ཅན་དུ་འགྱུར་བ་དང་། ལག་རྩལ་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ལམ་བུར་སྐྱོད་པར་སྐུལ་མ་གཏོང་དགོས། ལག་རྩལ་མཐོ་བའི་ཤེས་ལྡན་མི་སྣ་དང་རྒྱལ་ཁབ་ཆེན་པོའི་ལག་ཤེས་པ་སྔར་ལས་མང་པོ་གསོ་སྐྱོང་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ཤེས་ལྡན་མི་སྣ་འདོན་སྤྲོད་བྱ་དགོས།

འགྲན་བསྡུར་བདེ་ལེགས་ངང་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

ཞི་ཅིན་ཕིང་།

2020ལོའི་ཟླ12པའི་ཚེས10ཉིན།

(ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།)


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།