ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། མི་ལུས་ཉེན་སེལ་གྱི་ཁེབས་རྒྱ་ཇེ་ཆེར་གཏོང་བ་དང་སྤུས་ཚད་མཐོར་འདེགས། བདེ་ཐང་བརྟན་འཇགས་ཡོང་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་བཀོད་སྒྲིག་བྱས་ཏེ། མི་དམངས་མང་ཚོགས་ཀྱི་སྣ་མང་ཅན་གྱི་དགོས་མཁོ་སྐོང་རྒྱུ་དང་། 《སྨན་བཅོས་འགན་སྲུང་ཐེབས་རྩའི་བཀོལ་སྤྱོད་ལྟ་སྐུལ་དོ་དམ་སྲོལ་ཡིག་འཆར་ཟིན》དང《བཙོག་སེལ་ཁས་ལེན་དོ་དམ་སྲོལ་ཡིག་འཆར་ཟིན》གཉིས་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། དངུལ་རྩའི་ཞབས་ཞུ་འཐུས་ཚང་དུ་འགྲོ་བར་སྐུལ་འདེད་གཏོང་བ་དང་མི་ལུས་ཉེན་སེལ་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ་དེ་དམངས་འཚོ་འགན་སྲུང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་ཞབས་ཞུ་བཟང་བོ་བསྒྲུབ་པར་ཕན་པ་ཡོད།  ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་མི་ལུས་ཉེན་སེལ་བརྟན་བརླིང་སྒོས་འཕེལ་རྒྱས་བྱུང་ཞིང། མིག་སྔར་ཚོང་ལས་མི་ལུས་ཉེན་སེལ་དེ་རྒྱལ་ཡོངས་སུ་ཁྱབ་ཚད་ངེས་ཅན་ཞིག་ཏུ་སླེབས་ཡོད་མོད། འོན་ཀྱང་ཉེན་སེལ་རྫས་མཁོ་སྤྲོད་མི་འདང་བ་དང་འགན་ལེན་ཆུ་ཚད་མཐོ་པོ་མེད་པའི་གནད་དོན་ཡང་གནས་ཡོད་པས། མང་ཚོགས་ཀྱི་བདེ་ཐང་དང་རྒན་གསོ། བདེ་འཇགས་འགན་སྲུང་སོགས་ཀྱི་དགོས་མཁོ་དང་མཐུན་པར་བྱས་ཏེ། ཉེན་སེལ་ལས་རིགས་ཀྱིས་བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བྱེད་པར་སྐུལ་འདེད་གཏོང་བ་དང་། གནད་ས་འབུར་དུ་ཐོན་པར་བྱས་ནས་མི་ལུས་ཉེན་སེལ་ཐོན་རྫས་མཁོ་འདོན་ལེགས་སྒྱུར་བྱེད་དགོས། གཅིག ཚོང་ལས་བདེ་ཐང་ཉེན་སེལ་མྱུར་དུ་འཕེལ་རྒྱས་སུ་གཏོང་དགོས། གཉིས། ཚོང་ལས་རྒན་གསོ་ཉེན་སེལ་དེ་རྒན་གསོ་འགན་སྲུང་གི་བྱ་བ་གཙོ་བོའི་ནང་དུ་བཞག་ནས་མྱུར་དུ་འཛུགས་སྐྲུན་བྱེད་དགོས། གསུམ། ཉེན་སེལ་མ་དངུལ་གྱི་ཡུན་རིང་དངུལ་གཏོང་ནུས་པ་མཐོར་འདེགས་སུ་བཏང་ནས། ཉེན་སེལ་མ་དངུལ་བཀོལ་སྤྱོད་སྐབས་འཚོལ་ཅན་དུ་འགྱུར་བར་གཏན་འགོག་བྱེད་པ་དང་། ཉེན་ཁའི་འགོག་སྲུང་ལ་ཤུགས་སྣོན་དགོས།

ཚོགས་འདུའི་ཐོག《སྨན་བཅོས་འགན་སྲུང་ཐེབས་རྩའི་བཀོལ་སྤྱོད་ལྟ་སྐུལ་དོ་དམ་སྲོལ་ཡིག་འཆར་ཟིན》ལ་གྲོས་འཆམ་བྱུང་། མི་དམངས་ཀྱི་བདེ་ཐང་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སྨན་བཅོས་འགན་བཅོལ་སྡེ་ཁག་དང་། གནས་ཁེལ་སྨན་བཅོས་སྒྲིག་གཞི། འགན་བཅོལ་ལ་ཞུགས་པའི་མི་སྣ་སོགས་ཀྱི་འགན་དབང་གཏན་འཁེལ་བྱས་ཏེ། གཏན་འབེབས་ལྟར་དམངས་བདེ་རྩ་དོན་ལྟར་སྨན་བཅོས་འགན་སྲུང་ཞབས་ཞུར་ཤུགས་སྣོན་རྒྱག་དགོས། སྨན་བཅོས་འགན་སྲུང་ཐེབས་རྩ་དུས་ཐོག་ཏུ་བསྡོམས་རྩིས་རྒྱག་པ་དང་གཏོང་སྤྲོད་བྱས་ནས་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་དགོས། ལྟ་སྐུལ་དོ་དམ་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་གསོ་རིག་གི་ཡིག་ཆ་རྫུན་བཟོ་དང་སུབ་བཅོས་བྱེད་པའམ་ཡང་ན་སྨན་རྫས་ཞབས་ཞུ་རྫུན་བཟོ་བྱེད་པ་སོགས་བརྒྱུད་སྨན་བཅོས་འགན་སྲུང་ཐེབས་རྩ་གཡོ་ལེན་བྱེད་རིགས་གཏན་འགོག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་མ་དངུལ་ཕྱིར་སློག་བྱེད་འགན་དཀྲི་བ་དང་། སྨན་བཅོས་འགན་བཅོལ་གྱི་མཇུག་རྩིས་གནས་སྐབས་མཚམས་འཇོག་བྱེད་པ། དངུལ་ཆད་གཅོད་པ། དམིགས་འཛུགས་སྨན་བཅོས་སྒྲིག་གཞིའི་ལས་གཉེར་ཐོབ་ཐང་མེད་པར་བཟོ་བ་སོགས་བྱས་པ་བརྒྱུད་དེ་ཆད་གཅོད་བསླབ་འདོམས་བྱེད་ཤུགས་ཆེ་རུ་གཏོང་དགོས། སྨན་བཅོས་འགན་སྲུང་གི་མ་དངུལ་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ནས་མང་ཚོགས་ཀྱི་སྨན་བཅོས་འགན་ལེན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས།

ཚོགས་འདུའི་ཐོག《བཙོག་སེལ་ཁས་ལེན་དོ་དམ་སྲོལ་ཡིག་འཆར་ཟིན》ལ་གྲོས་འཆམ་བྱུང་། སྦགས་བཙོག་དངོས་རིགས་ཐོན་ཚད་དང་། འབུད་ཚད། ཁོར་ཡུག་ལ་ཤུགས་རྐྱེན་བཟོ་ཚད་སོགས་ལ་གཞིགས་ནས་བཙོག་སེལ་སྡེ་ཚན་ལ་རིགས་དབྱེ་དོ་དམ་བྱ་དགོས། བཙོག་སེལ་ཆོག་འཐུས་ལག་ཁྱེར་ལ་ཞིབ་མཆན་འགོད་པའི་གོ་རིམ་ཚད་ལྡན་དུ་གཏོང་དགོས། བཙོག་སེལ་སྡེ་ཚན་ལ་ཁོར་ཡུག་དོ་དམ་གྱི་རྩིས་ཐོ་ཐོ་འགོད་ལམ་ལུགས་འཛུགས་པ་དང་། བཙོག་སེལ་ཆ་འཕྲིན་ཡོངས་བསྒྲགས་བྱས་ཏེ་ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་ཡོད། ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་དགོས། ཉིན་རེར་བསྟུད་མར་ཆད་པ་བཅད་པ་དང་ཐོན་སྐྱེད་བྱེད་མཚམས་བཞག་ནས་བཅོས་སྒྲིག་དང་། ལས་མཚམས་འཇོག་པ། སྒོ་རྒྱག་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཁྲིམས་འགལ་གྱི་མ་གནས་མཐོ་རུ་བཏང་།

 ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།