ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་སིང་ག་ཕོར་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་ཝང་རོས་ཅེ་ལ་བརྙན་རིས་བརྒྱུད་དེ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིན་ནས་སིང་ག་ཕོར་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་ཝང་རོས་ཅེ་ལ་བརྙན་རིས་བརྒྱུད་དེ་མཇལ་འཕྲད་གནང་བར་མ་ཟད། ཀྲུང་གོ་དང་སིང་ག་ཕོར་ཕྱོགས་གཉིས་ཀྱི་མཉམ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་དྲུག་པ་དང་སུའུ་ཀྲིག་བཟོ་ལས་ས་ཁུལ་གྱི་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་གཅིག་པ། ཐེན་ཅིན་སྐྱེ་ཁམས་གྲོང་ཁྱེར་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་གཉིས་པ། ཀྲུང་གོ་དང་སིང་ག་ཕོར་འཐབ་ཇུས་རང་བཞིན་གྱི་མཉམ་འབྲེལ་མཉམ་མཐུད་དཔེ་སྟོན་ལས་གཞི་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་བ་བཅས་ལ་མཉམ་དུ་འགོ་འཛིན་མཛད།

མཇལ་འཕྲད་གནང་སྐབས། ཧན་ཀྲིན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་སིང་ག་ཕོར་བར་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་ལོན་པའི་ལོ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་འབྲེལ་འདྲིས་དམ་པོ་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་འཐབ་ཇུས་སྣེ་ཁྲིད་འདོན་སྤྲོད་བྱས། ཀྲུང་གོ་ཕྱོགས་ཀྱིས་སིང་ག་ཕོར་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གནས་བབ་གསར་བ་དང་རེ་བ་གསར་བ་དང་ཟུང་འབྲེལ་བྱས་ཏེ། དུས་སྐབས་རྗེས་མའི་མཉམ་ལས་ཀྱི་ཁ་ཕྱོགས་དང་བྱ་བ་གཙོ་བོར་འཆར་འགོད་བཟང་བོ་བྱེད་པ་དང་མུ་མཐུད་དུ་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་མ་ཟད། ཁུལ་ཁོངས་འཕེལ་རྒྱས་མཉམ་ལས་རྒྱ་བསྐྱེད་ཅིང་ཀྲུང་གོ་དང་སིང་ག་ཕོར་བར་གྱི་གསར་སྐྲུན་མཉམ་ལས་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། ལག་རྡང་སྦྲེལ་ཏེ་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་སྲུང་སྐྱོབ་བྱས་ནས་གཉིས་ཕན་མཉམ་ལས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་འདོད་ཡོད་ཟེར།

ཝང་རོས་ཅེ་ཡིས་བཤད་དོན། སིང་ག་ཕོར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་ཏུ་སྤེལ་ཏེ། མཉམ་ལས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། འགོག་སྨན་མཉམ་ལས་ལ་ཤུགས་སྣོན་ཞིང་སྤྱི་ཐུན་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་འཇལ་བའི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་གཏོང་བར་མ་ཟད་གོ་རིམ་ལྡན་པའི་སྒོ་ནས་མི་སྣའི་རྒྱུན་ལྡན་འགྲོ་འོང་སྔར་གསོ་བྱེད་འདོད་ཡོད་ཟེར།

དེར་མཐུད་ནས་ཧན་ཀྲིན་དང་ཝང་རོས་ཅེ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་མཉམ་ལས་རྐྱེན་སྲོལ་གྲོས་ཚོགས་བཞི་ལ་མཉམ་དུ་འགོ་འཛིན་མཛད། ཕྱོགས་གཉིས་ཀྱིས་མཐོ་རིམ་འགོ་ཁྲིད་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བྱས་པའི་གནས་ཚུལ་དང་དངོས་གཉེར་མཉམ་ལས་འཕེལ་རིམ་ལ་ཁྱོན་ཡོངས་ནས་གསེད་བཀྲོལ་བྱས་ཤིང་། མཉམ་ལས་ཀྱི་ཁྱབ་ཁོངས་གཙོ་བོར་དམིགས་ཏེ་བསམ་འཆར་བརྗེ་རེས་བྱས་པ་དང་། མཉམ་ལས་ཀྱི་བསམ་ཕྱོགས་གསར་བ་དང་བྱེད་ཐབས་གསར་བར་མཉམ་དུ་འཚོལ་ཞིབ་བྱས།

གྲོས་ཚོགས་ཀྱི་རྗེས་སུ། ཧན་ཀྲིན་དང་ཝང་རོས་ཅེ་གཉིས་ཀ་མཉམ་དུ་ཀྲུང་གོ་དང་སིང་ག་ཕོར་བར་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།