ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲེང་གིས་འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་མཁོ་སྤྲོད་རྒྱ་ཆེར་གཏོང་དགོས་ཞེས་ནན་གྱིས་བསྟན།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2020-12-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཤིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། ཚེས3ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་བཞུགས་མོལ་ཚོགས་འདུ་བསྡུས། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ས་ཁང་བདག་ཁོངས་ཀྱི་ཕུགས་ཕན་ལམ་སྲོལ་དོན་འཁྱོལ་བྱེད་དགོས། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་གི་སྡོད་ཁང་ལས་དོན་ཇུས་འགོད་ཡག་པོ་བྱེད་དགོས་པ་དང་། སྡོད་ཁང་འགན་ལེན་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་ནས་འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་མཁོ་སྤྲོད་རྒྱ་ཆེར་གཏོང་དགོས།

ཟླ12པའི་ཚེས3ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་བཞུགས་མོལ་ཚོགས་འདུ་བསྡུས།  

ཧན་ཀྲེང་གིས་བསྟན་དོན། ས་ཁང་བདག་ཁོངས་ཀྱི་ཕུགས་ཕན་ལམ་སྲོལ་ལག་བསྟར་བྱས་ཚུན། ས་གནས་སོ་སོ་དང་སྡེ་ཚན་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ནས་ས་རིན་བརྟན་པོ་དང་ཁང་རིན་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཀྱི་སྙོམས་སྒྲིག་དམིགས་ཚད་ལ་དམ་པོར་དམིགས་ཏེ་གྲོང་ཁྱེར་ལ་བསྟུན་ནས་སྲིད་ཇུས་ལག་བསྟར་བྱེད་པ་དང་། གྲོང་ཁྱེར་གཅིག་ལ་སྲིད་ཇུས་གཅིག་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་གྱི་གཙོ་གཞིའི་འགན་འཁྲི་ཇེ་བརྟན་དུ་གཏོང་བ་དང་། ས་ཁང་བདག་ཁོངས་ཀྱི་དངུལ་རྩའི་སྙོམས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་ས་ཁང་བདག་ཁོངས་ཀྱི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། སྡོད་ཁང་ནི་སྡོད་སའི་གནས་ཡིན་པ་ལས་དངུལ་བསྡུ་སའི་གནས་མིན་པར་ངེས་འཛིན་གསལ་བོ་བྱས་ནས། ས་ཁང་བདག་ཁོངས་དེ་དུས་ཐུང་ནང་དཔལ་འབྱོར་ལ་སྐུལ་མ་གཏོང་བའི་བྱ་ཐབས་སུ་མི་བརྩི་བར་ས་ཁང་བདག་ཁོངས་ཀྱི་ཁྲོམ་ར་སྙོམས་སྒྲིག་འཛིན་སྟངས་ཀྱི་རྩ་བ་དེ་རྟག་ཏུ་དམ་པོར་འཛིན་པ་དང་དོན་དངོས་ལ་གཞིགས་ནས་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ་ས་ཁང་བདག་ཁོངས་ཀྱི་ཁྲོམ་ར་བརྟན་བརླིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་སྡོད་ཁང་འཕེལ་རྒྱས་ཀྱི་མཐོ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས་སྡོད་ཁང་ཁྲོམ་ར་དང་སྡོད་ཁང་འགན་ལེན་གྱི་མ་ལག་གཉིས་ལ་ཞིབ་འཇུག་ཡག་པོ་བྱས་ཏེ་འཆར་འགོད་ཀྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས། འབྲེལ་ཡོད་ཁྲིམས་སྲོལ་དང་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། རྒྱུན་ལྡན་གྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་སྡོད་ཁང་བོགས་གླ་གཏོང་ལེན་གྱི་ཚོང་ར་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། 

ཧན་ཀྲེང་གིས་ནན་གྱིས་བསྟན་དོན། འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་གཙོ་གནད་དུ་བྱས་ནས་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་དང་རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་སྡོད་ཁང་འགན་ལེན་མ་ལག་གི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། གཞི་རྩའི་འགན་སྲུང་དང་གཞི་རྩ་མིན་པའི་འགན་སྲུང་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་གང་ཐུབ་ཅི་ཐུབ་དང་། ནུས་པ་ཅི་ལྕོགས་ཀྱིས་དཀའ་ངལ་ཡོད་པའི་ཚོགས་སྤྱི་དང་གྲོང་མི་གསར་པའི་སྡོད་ཁང་གི་གནད་དོན་ཐག་གཅོད་གང་ཐུབ་བྱེད་དགོས། སྲིད་གཞུང་དང་ཚོང་རའི་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་སྲིད་གཞུང་གི་འགན་སྲུང་ནུས་པ་ཆེ་རུ་གཏོང་དགོས་ལ་ཚོང་ར་ཅན་གྱི་བྱེད་ཐབས་ཀྱང་ཧུར་ཐག་གིས་སྤྱོད་དགོས། ཀྲུང་དབྱང་དང་ས་གནས་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས“གཅིག་དཔེ་བརྒྱ་འགེབས”མི་བྱེད་པ་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་སྲིད་གཞུང་གིས་ཡུལ་བབ་དང་བསྟུན་པ་དང་སྡོད་ཁང་འགན་ལེན་བྱེད་སྟངས་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར་གྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་ཡག་པོ་བྱ་རྒྱུ་བཅས་ལ་སྐུལ་ལྕག་དང་མཛུབ་ཁྲིད་བྱེད་དགོས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།