ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་དང་ཨུ་རུ་སིའི་ཙུང་ལི་མུས་ཧྲུའུ་སི་ཅིན་གཉིས་ཀྱིས་མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་ཙུང་ལིའི་དུས་བཅད་གྲོས་མོལ་ཐེངས་ཉེར་ལྔ་བར་འགོ་འཛིན་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་གཉིས་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་ཨུ་རུ་སིའི་ཙུང་ལི་མུས་ཧྲུའུ་སི་ཅིན་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་ཙུང་ལིའི་དུས་བཅད་གྲོས་མོལ་ཐེངས་ཉེར་ལྔ་བར་འགོ་འཛིན་མཛད་པ་དང་གྲོས་མོལ་བརྙན་རིས་ཀྱི་རྣམ་པ་བརྒྱུད་དེ་བསྡུས།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སི་ནི་ཁྱིམ་མཚེས་རྒྱལ་ཁབ་གཙོ་བོ་ཡིན་ལ། དུས་དང་རྣམ་པ་ཀུན་ཏུ་ཕན་ཚུན་ལ་བརྩི་འཇོག་བྱས་ཤིང་། ཁྱིམ་མཚེས་མཛའ་མཐུན་ཡོང་བ་དང་། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པར་འབད་པ་བྱེད་ཀྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་རྣམ་གཉིས་ཀྱིས་ཐེངས་མང་པོར་ཁ་པར་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་སྒོས་ཆུ་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་བྱས། རིམས་ནད་བྱུང་བའི་དབང་གིས་འཛམ་གླིང་དཔལ་འབྱོར་ཉམས་ཞན་དུ་གྱུར་བ་དང་འཛམ་གླིང་ཉོ་ཚོང་དངུལ་གཏོང་ཇེ་སྡུག་ཏུ་འགྲོ་བའི་རྒྱབ་ལྗོངས་འོག་ཏུ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་ཡོད་ཟེར།

ལིས་ཁི་ཆང་གིས་དེང་སྐབས་ཀྱི་ཀྲུང་གོའི་དཔལ་འབྱོར་གནས་བབ་མཚམས་སྦྱོར་མདོར་བསྡུས་བྱས་པར་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པ་དང་ཕན་ཚུན་སྒོ་འབྱེད་རྒྱ་བསྐྱེད་ཅིང་ལག་རྡང་སྦྲེལ་ཏེ་རིམས་ནད་ལ་འགོག་རྒོལ་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་སྔར་ལས་མང་པོའི་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཨུ་རུ་སིའི་དུས་རབས་གསར་བའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བ་རྒྱུན་མཐུད་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྒུལ་ཤུགས་གསར་བ་སྣོན་འདོད་ཡོད་ཟེར།

མུས་ཧྲུའུ་སི་ཅིན་གྱིས་བཤད་དོན། རིམས་ནད་ཀྱི་མདུན་དུ་ཨུ་རུ་སི་དང་ཀྲུང་གོས་ཕན་ཚུན་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པ་དང་། གྲོས་མོལ་དང་མཉམ་ལས་བཟང་བོ་བྱས་པ་དེ་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆུ་ཚད་མཐོ་བ་མཚོན་པར་བྱས་ཡོད། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ལག་རྡང་སྦྲེལ་ཏེ་རིམས་ནད་ལ་འགོག་རྒོལ་བྱེད་པ་དང་། ཕྱོགས་གཉིས་ཀྱི་ཉོ་ཚོང་དངུལ་གཏོང་མྱུར་དུ་འཕར་སྣོན་བྱུང་བར་སྐུལ་འདེད་གཏོང་བར་མ་ཟད། བཟོ་ལས་དང་ཞིང་ལས། འགྲིམ་འགྲུལ། ནུས་ཁུངས། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། མི་གཞུང་བརྗེ་རེས་དང་ས་གནས་མཉམ་ལས་རྒྱ་བསྐྱེད་ནས། ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།