ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས་ལས་གཉེར་བྱ་བའི་གདན་ཞུའི་ཁྲོད་ཉིན་ཧྲིལ་བོའི་ལམ་ལུགས་དེ་ཚོད་འཛིན་རང་བཞིན་གྱི་ཆ་རྐྱེན་ལ་བརྩི་མི་ཆོག་ཅེས་བསྒྲགས་འདུག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། སློབ་གསོ་པུས་རྒྱལ་ཡོངས་ཀྱི་མཐོ་སློབ་དཀྱུས་མའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་ཁྱབ་བསྒྲགས་བྱས་པ་རེད། བརྡ་ཐོའི་ནང་ལས་མི་བཀོལ་སྤྱོད་ཀྱི་སྟོན་ཕྱོགས་ཡང་དག་འཛུགས་དགོས་པ་དང་། ཏང་སྲིད་ལས་ཁུངས་དང་བྱ་ལས་སྡེ་ཚན། རྒྱལ་དབང་ཁེ་ལས་བཅས་ཀྱིས་སྣེ་ཁྲིད་དེ“སློབ་གྲྭ་གྲགས་ཅན”དང“སློབ་གཉེར་བརྒྱུད་རིམ་ཁོ་ན”ཡི་མི་བཀོལ་སྤྱོད་བྱེད་ཕྱོགས་བསྒྱུར་བར་སྐུལ་འདེད་གཏོང་བ། གདན་ཞུའི་སྤྱི་བསྒྲགས་དང་དོན་དངོས་ལག་ལེན་ཁྲོད་སློབ་ཐོན་སློབ་གྲྭ་དང་རྒྱལ(མངའ་ཁོངས)ཕྱིའི་སློབ་སྦྱོང་གི་ཉམས་མྱོང་དང་སློབ་སྦྱོང་བྱེད་སྟངས(ཉིན་ཧྲིལ་བོའི་ལམ་ལུགས་དང་ཉིན་ཧྲིལ་བོའི་ལམ་ལུགས་མིན་པ)ཚོད་འཛིན་རང་བཞིན་གྱི་ཆ་རྐྱེན་དུ་བརྩི་མི་ཆོག་པར་བསྟན།

微信图片_20201203093313.jpg

བརྡ་ཐོའི་ནང་ནན་བཤད་བྱས་དོན། ཀུན་སྤྱོད་དང་ནུས་པ་ཁྲིད་ཕྱོགས་སུ་འཛིན་པ་དང་། ལས་གནས་ཀྱི་དགོས་མཁོ་དམིགས་འབེན་དུ་འཛིན་པའི་ཤེས་ལྡན་མི་སྣའི་བཀོལ་སྤྱོད་ནང་རྐྱེན་བཙུགས་ཏེ། ཤེས་ལྡན་མི་སྣའི་“འཛད་སྤྱོད་མཐོ་བའི་”གནས་ཚུལ་བསྒྱུར་དགོས། སྲོལ་ལུགས་གཅིག་གི་འཆིང་རྒྱ་ལས་གྲོལ་ཏེ་ཤེས་ལྡན་མི་སྣ་བཀོལ་སྤྱོད་བྱེད་པའི་རྣམ་པ་ཆགས་པར་བྱ་དགོས། ས་གནས་ཁག་དང་མཐོ་རིམ་སློབ་གྲྭ་ཁག་གིས་མི་བཀོལ་མཁན་སྡེ་ཚན་གྱི་གདན་ཞུའི་མིང་ཐོ་ནག་པོའི་ལམ་ལུགས་འཛུགས་དགོས། ལས་ཞུགས་ཐད་མཐོང་ཆུང་དང་མགོ་སྐོར་གཏོང་བ་སོགས་ཀྱི་གནད་དོན་ཡོད་པའི་ངོས་འཛིན་བྱས་པའི་མི་སྤྱོད་ཚན་པ་མིང་ཐོ་ནག་པོའི་ནང་བཅུག་ནས་དུས་བཀག་ནང་སློབ་ཐོན་སློབ་མར་ཉེན་ཟོན་དྲན་སྐུལ་གྱི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་དགོས།

བརྡ་ཐོའི་ནང་ལས་ཞུགས་ལས་གནས་རྒྱ་སྐྱེད་གཏོང་བའི་ལམ་སྲོལ་གསར་པ་འཛུགས་དགོས། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་བཙུགས་ནས་ཁྲོམ་ར་ཅན་དང་སྤྱི་ཚོགས་ཅན་གྱི་ལས་ཞུགས་ལས་གཏོད་ཀྱི་ཐོན་ཁུངས་རྒྱ་ཁྱབ་ངང་གཅིག་སྡུད་བྱེད་དགོས། གཙོ་གནད་ཞིང་ཆེན་དང་། གཙོ་གནད་གྲོང་ཁྱེར། གཙོ་གནད་ལས་རིགས། ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་སོགས་ལས་ཞུགས་ལས་གཏོད་ཀྱི་མཁོ་དགོས་འབྲེལ་མཐུད་ཀྱི་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ནས་སྤེལ་དགོས། ས་གནས་ཁག་དང་མཐོ་སློབ་ཁག་གིས་རང་འགུལ་ངང་མི་སྤྱོད་ཚན་པ་དང་གདན་ཞུའི་ཚན་པར་འབྲེལ་གཏུག་བྱས་ཏེ་བྱ་ཐབས་སྣ་ཚོགས་སྤྱད་དེ་ལས་གནས་ཀྱི་ཆ་འཕྲིན་ཡོང་ཁུངས་རྒྱ་ཆེར་གཏོང་དགོས། ས་ཁོངས་རང་བཞིན་དང་། ལས་རིགས་རང་བཞིན། མནའ་འབྲེལ་རང་བཞིན་བཅས་ཀྱི་གདན་ཞུའི་བྱེད་སྒོ་སྤེལ་བར་བསྔགས་སྐུལ་བྱ་དགོས།

    བརྡ་ཐོའི་ནང་ལས་ཞུགས་དངོས་སྦྱོང་བྱ་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་དངོས་སྦྱོང་ཆ་འཕྲིན་ལས་སྟེགས་འཛུགས་པ་དང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་དངོས་སྦྱོང་ལས་གནས་ཀྱི་ཆ་འཕྲིན་ཕྱོགས་བསྡུས་ཀྱིས་ཁྱབ་བསྒྲགས་བྱེད་དགོས། ས་གནས་ཁག་དང་མཐོ་རིམ་སློབ་གྲྭ་ཁག་གིས་དངོས་སྦྱོང་བྱ་རྒྱུ་དེ་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ཏེ། ལས་ཞུགས་དངོས་སྦྱོང་དོ་དམ་ལམ་ལུགས་འཐུས་ཚང་ཇེ་མགྱོགས་སུ་གཏོང་བ་དང་། སློབ་གྲྭ་དང་ཁེ་ལས། སློབ་གྲྭ་དང་ས་གནས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། སློབ་ཆེན་སློབ་མའི་ལས་ཞུགས་དངོས་སྦྱོང་རྟེན་གཞི་འཛུགས་སྐྲུན་དང་། ལས་ཞུགས་དངོས་སྦྱོང་ལས་གནས་སྔར་ལས་མང་པོ་གསར་སྤེལ་བྱས་ནས་སློབ་ཐོན་སློབ་མ་སྔར་ལས་མང་པོ་ཞིག་དངོས་སྦྱོང་ལ་བརྟེན་ནས་ལས་ཞུགས་ཐུབ་པར་སྐུལ་འདེད་གཏོང་དགོས། འབྲེལ་ཡོད་སྡེ་ཁག་ལ་གཞོགས་འདེགས་བྱས་ནས་“ལོ་གསུམ་རིང་གི་གཞོན་ནུ་ཁྲི་བརྒྱའི་ལྟ་སྦྱོང་འཆར་གཞི་”ལག་བསྟར་ཡག་པོ་བྱེད་དགོས་ལ། བར་མཚམས་མི་ཆད་པའི་ལས་ཞུགས་ཞབས་ཞུ་མཁོ་འདོན་བྱས་ནས་སློབ་གྲྭ་ནས་བྲལ་ཏེ་ལས་ཞུགས་ཐུབ་མེད་པའི་སློབ་ཐོན་སློབ་མ་ལས་ཞུགས་ལྟ་སྦྱོང་ནང་ཞུགས་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།