ཉིས་སྟོང་བཅུ་དགུ་ལོར་རང་རྒྱལ་གྱི་རྫོང་ཁོངས་གྲངས་འཛིན་ཞིང་ལས་ཞིང་སྡེའི་འཕེལ་རྒྱས་ཀྱི་སྤྱིའི་ཆུ་ཚད་བརྒྱ་ཆའི་སོ་དྲུག་ལ་སླེབས།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན། ཁྲུང་ཆིན་ན་བསྡུ་བཞིན་པའི་ཀྲུང་གོའི་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཉོ་འཚོང་འདུ་ཚོགས་སྐབས་བཅོ་བརྒྱད་པའི་སྟེང་ཉིས་སྟོང་ཉི་ཤུ་ལོའི་རྒྱལ་ཡོངས་ཀྱི་རྫོང་ཁོངས་གྲངས་འཛིན་ཞིང་ལས་ཞིང་སྡེའི་འཕེལ་རྒྱས་ཆུ་ཚད་གདེང་འཇོག་སྙན་ཞུ་བསྒྲགས་པ་དང་། སྙན་ཞུ་ལས་ཉིས་སྟོང་བཅུ་དགུ་ལོའི་རང་རྒྱལ་གྱི་རྫོང་ཁོངས་གྲངས་འཛིན་ཞིང་ལས་ཞིང་སྡེའི་འཕེལ་རྒྱས་ཀྱི་སྤྱིའི་ཆུ་ཚད་བརྒྱ་ཆའི་སོ་དྲུག་ལ་སླེབས་ནས། སྔོན་ལོ་ལས་བརྒྱ་ཆའི་གསུམ་གྱིས་ཇེ་མཐོར་སོང་བ་བསྒྲགས་ཡོད།

རྒྱལ་ཡོངས་ཀྱི་རྫོང་ཁོངས་གྲངས་འཛིན་ཞིང་ལས་ཞིང་སྡེའི་འཕེལ་རྒྱས་ཆུ་ཚད་གདེང་འཇོག་ནི་ཞིང་ལས་ཞིང་སྡེ་པུའུ་ཡི་ཁྲོམ་ར་དང་ཆ་འཕྲིན་ཅན་ཟི་ཡིས་ཞིང་ལས་ཞིང་སྡེ་པུའུ་ཡི་ཆ་འཕྲིན་ལྟེ་གནས་དང་མཉམ་དུ་སྤེལ་བ་ཡིན་ལ། བསྡོམས་པས་རྫོང་སྟོང་གཉིས་དང་སུམ་བརྒྱ་ཉེར་དགུའི་ཕན་ནུས་ལྡན་པའི་གཞི་གྲངས་གདེང་འཇོག་དེར་ཞུགས་ནས། ཕལ་ཆེར་ཞིང་ལས་དང་འབྲེལ་བའི་རྫོང་ཁོངས་ཡོངས་ལ་ཁྱབ་པར་བྱས། ཐེངས་འདིའི་གདེང་འཇོག་ཚད་གཞིའི་མ་ལག་གིས་འཕེལ་རྒྱས་ཁོར་ཡུག་དང་། རྨང་གཞིའི་རྒྱབ་རྟེན། ཐོན་སྐྱེ་ཆ་འཕྲིན་ཅན་སོགས་རིམ་པ་དང་པོའི་ཚད་གཞི་དྲུག་དང་། རིམ་པ་གཉིས་པའི་ཚད་གཞི་བཅོ་ལྔ། རིམ་པ་གསུམ་པའི་ཚད་གཞི་ཉི་ཤུ་བཅས་གཏན་ཁེལ་བྱས།

སྙན་ཞུ་ལས་བསྒྲགས་པ་ལྟར་ན། ཉིས་སྟོང་བཅུ་དགུ་ལོར་རང་རྒྱལ་གྱི་རྫོང་རིམ་པའི་ཞིང་ལས་ཞིང་སྡེ་ཆ་འཕྲིན་ཅན་དོ་དམ་ཞབས་ཞུའི་ལས་ཁུངས་ཁྱབ་ཚད་བརྒྱ་ཆའི་དོན་ལྔ་དང་གྲངས་ཆུང་ལྔ་ཡིན་པ་དང་། རྫོང་ཁོངས་ཞིང་ལས་ཞིང་སྡེ་ཆ་འཕྲིན་ཅན་འཛུགས་སྐྲུན་ཐད་ནོར་སྲིད་མ་དངུལ་བཏང་ཚད་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་བརྒྱད་དུང་ཕྱུར་གཉིས་བྱེ་བ་གཅིག་ཡིན་ལ། སྤྱི་ཚོགས་མ་དངུལ་བཏང་ཚད་སྒོར་ཐེར་ཆེན་བཞི་དང་ཐེར་འབུམ་བདུན་དུང་ཕྱུར་བརྒྱད་བྱེ་བ་ལྔ་ཡིན། དེ་དང་མཉམ་དུ་ཞིང་ལས་ཐོན་སྐྱེད་ཀྱི་གྲངས་འཛིན་ཅན་གྱི་ཆུ་ཚད་བརྒྱ་ཆའི་ཉེར་གསུམ་དང་གྲངས་ཆུང་བརྒྱད་ལ་སླེབས་པ་དང་། རྒྱལ་ཡོངས་ཀྱི་རྫོང་ཁོངས་ཞིང་ལས་ཐོན་རྫས་དྲ་རྒྱའི་སིལ་འཚོང་གི་ཚད་ཀྱིས་ཞིང་ལས་ཐོན་རྫས་ཉོ་འཚོང་སྤྱིའི་ཚད་ཀྱི་བརྒྱ་ཆའི་བཅུ་ཟིན་ལ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཆ་འཕྲིན་ཅན་གྱི་ཆུ་ཚད་བརྒྱ་ཆའི་བཅུ་བདུན་དང་གྲངས་ཆུང་གཉིས་ཡིན་པ་དང་། སྲིད་འཛིན་སྡེ་བའི་གློག་རྡུལ་ཚོང་དོན་ས་ཚིགས་ཀྱི་ཁྱབ་ཚད་བརྒྱ་ཆའི་དོན་བཞིར་སླེབས་ཡོད།

སྙན་ཞུ་ལས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ་གྲངས་འཛིན་ཞིང་ལས་ཞིང་སྡེའི་འཛུགས་སྐྲུན་ཏན་ཏིག་གིས་སྤེལ་ནས། དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད་མོད། འོན་ཀྱང་གནད་དོན་དང་འགྲན་སློང་ཡང་མི་ཉུང་བ་གནས་ཡོད་དེ། འཕེལ་རྒྱས་དོ་མི་མཉམ་པ་དེ་གང་ལེགས་མིན་པ། ནོར་སྲིད་མ་དངུལ་གཏོང་ཤུགས་ཀྱིས་མི་འདང་བ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་པ་སོགས་ལས་གཙོ་བོར་མཚོན་ཡོད་ཟེར།

ཞིང་ལས་ཞིང་སྡེ་པུའུ་ཡི་ཆ་འཕྲིན་ལྟེ་གནས་ཀྱི་འགན་ཁུར་བས་མཚམས་སྦྱོར་བྱེད་རྒྱུར། རྒྱལ་ཡོངས་ཀྱི་རྫོང་ཁོངས་གྲངས་འཛིན་ཞིང་ལས་ཞིང་སྡེའི་འཕེལ་རྒྱས་ཆུ་ཚད་ཀྱི་གདེང་འཇོག་བྱ་བས་རྫོང་སོ་སོའི་གོ་གནས་དང་བར་ཐག་ཡང་དག་པར་འཚོལ་བ་དང་། འབད་བརྩོན་གྱི་ཁ་ཕྱོགས་གསལ་བོར་སྟོན་པར་སྟེགས་བུ་བསྐྲུན་ནས། རྫོང་ཁོངས་གྲངས་འཛིན་ཞིང་ལས་ཞིང་སྡེའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཚད་ཤིང་ནུས་ལྡན་ཞིག་ཏུ་གྱུར་ཡོད། རྗེས་ཕྱོགས་སུ་གནད་འགག་གི་ལས་འབྲས་ཚད་གཞིའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། གདེང་འཇོག་ཚད་གཞིའི་མ་ལག་བསྟུད་མར་ལེགས་སྒྱུར་འཐུས་ཚང་དུ་གཏོང་བ་དང་། གཞི་གྲངས་ཀྱི་ཡོངས་བསྒྲགས་མཉམ་སྤྱོད་རིམ་བཞིན་མངོན་འགྱུར་བྱས་ནས། གཞི་གྲངས་ཀྱི་རིན་ཐང་མངོན་པར་བྱ་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།