ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཕྲིན་ཡིག་བསྐུར་ནས་འབད་འཐབ་པ་རྟགས་ཅན་གྱི་མི་སྡོད་ཆུར་འཛུལ་འཕྲུལ་ཆས་རྨིད་ཁྲི་ཙམ་གྱི་མཚོ་གཏིང་དུ་འཛུལ་བར་མ་ཟད་བདེ་བླག་ངང་ཕྱིར་ལོག་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན། འབད་འཐབ་པ་རྟགས་ཅན་གྱི་མི་སྡོད་ཆུར་འཛུལ་འཕྲུལ་ཆས་ཀྱིས་བདེ་བླག་ངང་རྨིད་ཁྲི་ཙམ་གྱི་མཚོ་གཏིང་དུ་འཛུལ་བའི་ལས་འགན་ཡོངས་འགྲུབ་བྱས་པར་མ་ཟད་ཚེས་ཉེར་བརྒྱད་ཉིན་བདེ་བླག་ངང་ཕྱིར་ལོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིནཕིང་གིས་འཕྲིན་ཡིག་བསྐུར་ནས་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། མཚོ་གཏིང་དུ་འཛུལ་བའི་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་ལ་གཞོལ་བའི་ཚན་རིག་ཞིབ་འཇུག་ལས་དོན་པ་རྣམས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་མཛད།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བསྟན་དོན། འབད་འཐབ་པ་རྟགས་ཅན་གྱི་ཆུར་འཛུལ་འཕྲུལ་ཆས་ཞིབ་འཇུག་གསར་བཟོ་དང་མཚོ་གཏིང་དུ་འཛུལ་བའི་ཚོད་ལྟ་ལེགས་འགྲུབ་བྱུང་བ་དེས་རང་རྒྱལ་ལ་འཛམ་གླིང་གི་ཆེས་ཟབ་པའི་མཚོ་གཏིང་དུ་འཛུལ་ནས་ཚན་རིག་འཚོལ་ཞིབ་དང་ཞིབ་འཇུག་བྱེད་པའི་ནུས་པ་ལྡན་པ་མཚོན་ལ། རང་རྒྱལ་གྱི་རྒྱ་མཚོའི་ཚན་རྩལ་མཐོ་བའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ངོམས་ཡོད། ཀླུ་མོ་རྟགས་ཅན་དང་མཚོ་གཏིང་དཔའ་བོ་རྟགས་ཅན་ནས་ད་ལྟའི་འབད་འཐབ་པ་རྟགས་ཅན་གྱི་བར་དུ། ཁྱོད་ཚོས་ཚན་རིག་གི་རྣམ་འགྱུར་ནན་མོ་དང་རང་ཚུགས་རང་བརྩོན་གྱི་སྤོབས་པ་ཆེན་པོར་བརྟེན་ནས། དངོས་གཉེར་ནན་མོ་དང་མཐུན་སྒྲིལ་རོགས་རེས། འབད་འཐབ་ལྷོད་མེད། རྩེར་སྙེག་ཧུར་ཐག་བཅས་ཀྱི་ཀྲུང་གོའི་མི་སྡོད་ཆུར་འཛུལ་སྙིང་སྟོབས་ལག་ལེན་བྱས་ནས། ཚན་རྩལ་གསར་གཏོད་ཐད་མིག་དཔེ་བསྐྲུན་ཡོད་ཟེར།

ཞི་ཅིན་ཕིང་གིས་མཚོ་གཏིང་དུ་འཛུལ་བའི་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་ལ་གཞོལ་བའི་ཚན་རིག་ཞིབ་འཇུག་ལས་དོན་པ་རྣམས་ཀྱིས་མུ་མཐུད་དུ་ཚན་རིག་གི་སྙིང་སྟོབས་དར་སྤེལ་བྱེད་པ་དང་། མཚོ་གཏིང་དུ་འཛུལ་བའི་ཚན་རྩལ་གྱི་ཡང་རྩེར་སྤོབས་པ་ཆེན་པོས་སྙེག་ནས། རྒྱ་མཚོའི་རྒྱལ་ཁབ་སྟོབས་ཅན་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱས་ཏེ། མིའི་རིགས་ཀྱིས་རྒྱ་མཚོར་ངོས་འཛིན་དང་སྲུང་སྐྱོབ། དེ་གསར་སྤེལ་བཅས་བྱེད་པར་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འཇོག་རྒྱུའི་ཐུགས་རེ་བཏོན།

ཚེས་ཉེར་བརྒྱད་ཉིན་བསྡུས་པའི་འབད་འཐབ་པ་རྟགས་ཅན་གྱི་ཆུར་འཛུལ་སྒྲིག་ཆས་ཀྱིས་མཚོ་གཏིང་དུ་འཛུལ་བར་ཚོད་ལྟ་བྱས་ཏེ་ཕྱིར་ལོག་པར་དགའ་བསུ་ཞུ་བའི་བྱ་འགུལ་སྟེང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཧི་ཡིས་བརྙན་རིས་ཀྱི་ལམ་ནས་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྒྲོག་འདོན་བྱས་པར་མ་ཟད་གཏམ་བཤད་གནང་། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་བ་ལས་ཏང་ཀྲུང་དབྱང་གིས་ཚན་རྩལ་གསར་གཏོད་དང་རྒྱ་མཚོའི་རྒྱལ་ཁབ་སྟོབས་ཅན་འཛུགས་སྐྲུན་བྱེད་པར་ཚོད་མཐོའི་མཐོང་ཆེན་གནང་བ་མཚོན་ལ། མཚོ་གཏིང་དུ་འཛུལ་བའི་ཚན་རྩལ་བྱ་བར་ཁ་ཕྱོགས་གསལ་པོ་བསྟན་པ་དང་བླང་བྱ་བཏོན་ཡོད་པས། དེར་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་ལེན་དགོས་པ་དང་མཐའ་གཅིག་ཏུ་ལག་ལེན་དོན་འཁྱོལ་བྱེད་དགོས། འབད་འཐབ་པ་རྟགས་ཅན་ཞིབ་འཇུག་གསར་བཟོ་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ཕྱོགས་སོ་སོའི་ཚན་རིག་ཞིབ་འཇུག་སྟོབས་ཤུགས་བཀོལ་སྤྱོད་བྱས་ཏེ། གནད་འགག་གི་ལག་རྩལ་མང་པོ་གསར་དུ་བཏོད་ཡོད་ལ། དེ་ནི་རང་རྒྱལ་གྱིས་མཚོ་གཏིང་ཚན་རྩལ་འཚོལ་ཞིབ་ཀྱི་བགྲོད་ལམ་སྟེང་གི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན་པས། ཉམས་མྱོང་བཟང་པོ་སྤྱི་སྡོམ་ནན་མོ་བྱས་ཏེ། ཀྲུང་གོའི་མི་སྡོད་ཆུར་འཛུལ་སྙིང་སྟོབས་དར་སྤེལ་ཆེན་པོ་གཏོང་བ་དང་། ཐོན་སྐྱེད་དང་སློབ་སྦྱོང་། ཞིབ་འཇུག་བཅས་མཐུན་སྦྱོར་སྒོས་གསར་གཏོད་བྱེད་ཤུགས་ཇེ་ཆེར་གཏོང་བ། ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་མྱུར་དུ་བཀོལ་སྤྱོད་སྤོ་སྒྱུར་བྱེད་པ་བཅས་བྱས་ཏེ། ལག་རྩལ་གཙོ་བོ་སྔར་ལས་མང་པོའི་ཐད་ཀྱི་ཐོལ་བརྒལ་དང་རྒྱུན་སྲིང་བརྗེ་སྤོར་ལ་སྐུལ་འདེད་གཏོང་དགོས་ཟེར།

ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་ཚུན་ལ། ཚན་རྩལ་པུའུ་ཡིས་ཀྲུང་གོ་ཚན་རིག་གླིང་དང་ཀྲུང་གོ་གྲུ་གཟིངས་སྡེ་ཚོགས་དང་མཉམ་དུ། ཚན་རིག་ཞིབ་འཇུག་ཁང་དང་མཐོ་རིམ་སློབ་གྲྭ། ཁེ་ལས་བརྒྱ་ཙམ་གྱི་ཚན་རིག་ཞིབ་འཇུག་མི་སྣ་སྟོང་ཙམ་རྩ་འཛུགས་བྱས་ཏེ། དཀའ་སྤྱད་འབད་བརྩོན་བྱས་ནས་འབད་འཐབ་པ་རྟགས་ཅན་གྱི་ཞིབ་འཇུག་གསར་བཟོའི་བྱ་བ་ལེགས་འགྲུབ་བྱས། ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་པའི་ཚེས་བཅུ་ཉིན་ནས་བཟུང་འབ་འཐབ་རྟགས་ཅན་མཱ་ལེའི་ཡ་ན་མཚོ་ཁུགས་སུ་སོང་ནས་རྨིད་ཁྲི་ཙམ་གྱི་མཚོ་གཏིང་དུ་འཛུལ་བར་ཚོད་ལྟ་བྱས་ཏེ། ཐེངས་བཅུ་གསུམ་ལ་མཚོ་གཏིང་དུ་འཛུལ་བ་དང་། དེའི་ནང་ཐེངས་བརྒྱད་ལ་གཏིང་ཚད་རྨིད་ཁྲི་ལས་བརྒལ། ཟླ་བཅུ་གཅིག་པའི་ཚེས་བཅུ་ཉིན་གྱི་དུས་ཚོད་བརྒྱད་དང་སྐར་མ་བཅུ་གཉིས་སྟེང་། འབད་འཐབ་རྟགས་ཅན་གྱིས་རྨིད་ཁྲི་གཅིག་དང་དགུ་བརྒྱ་དང་དགུའི་ཀྲུང་གོའི་མི་སྡོད་ཆུར་འཛུལ་གྱི་ཟིན་ཐོ་གསར་པ་བསྐྲུན་ལ། དེས་རང་རྒྱལ་འདི་ཉིད་མི་སྡོད་མཚོ་གཏིང་དུ་འཛུལ་བའི་ཁྱད་ཁོངས་ནས་འཛམ་གླིང་གི་སྔོན་གྲལ་དུ་སླེབས་པ་མཚོན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།